ཤེས་བྱའི་རྣམ་གྲངས་ཐོར་བུ། བཞི་བ།
བཀའ་པོད་ལྔ། ཚད་མ་རྣམ་འགྲེལ་དང་དབུ་མ་དང༌། ཕར་ཕྱིན་དང་མངོན་པ་མཛོད་དང༌། འདུལ་བ་དང་ལྔོ།།
དགའ་རབ་དབང་ཕྱུག་གི་མེ་ཏོག་གི་མདའ་ལྔ་ནི། དྲེགས་པར་བྱེད་པ་དང༌། རྨོངས་བར་བྱེད་པ། ཀུན་ཏུ་རྨོངས་བར་བྱེད་པ། བརྒྱལ་བར་བྱེད་པ། སེམས་མེད་པར་བྱེད་པའི་མེ་ཏོག་གི་མདའ་རྣམས་སོ།།
རྒྱལ་བོ་སྲོང་བཙན་སྒམ་པོའི་རླབས་ཆེན་མཛད་རྗེས་གཙོ་ཆེ་བ་ཁག་ལྔ། དང་པོ། དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཀྱི་བོད་ཡིག་འདི་ཐོག་མར་གསར་གཏོད་བྱེད་དུ་བཅུག་པ། གཉིས་པ། རུས་རྒྱུད་འཚོ་བ་ཁག་གཅིག་གྱུར་བྱས་ཏེ་མི་རིགས་ཀྱི་རྣམ་པར་ལྡན་པའི་ཁྲིམས་ལུགས་ཐོག་མར་བཙུགས་པ། གསུམ་པ། དམག་དོན་དང་སྲིད་འཛིན་ཟུང་འབྲེལ་གྱི་གཅིག་གྱུར་ལམ་ལུགས་ཅུང་ཟད་ཆ་ཚང་ཙམ་ཞིག་བཙུགས་པ། བཞི་བ། མི་རིགས་རང་ཉིད་ཀྱི་སྔར་ཡོད་རིག་གཞུང་གོང་འཕེལ་གཏོང་བའི་རྨང་གཞིའི་ཐོག་མི་རིགས་གཞན་དག་གི་རིག་གནས་དང་ལག་རྩལ་སློབ་སྦྱོང་མཛད་པ། ལྔ་བ། རྒྱ་བོད་མི་རིགས་བར་དང༌། བལ་བོད་མི་རིགས་གཉིས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་གནང་བ་བཅས་ཡིན།
བཙན་ལྔ། སྔར་བོད་རྒྱལ་ཉེར་བཞི་པ་ཏོ་རེ་ལོང་བཙན་དང༌། ཉེར་ལྔ་པ་ཁྲི་བཙན་ནམ། ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན།ཉེར་བདུན་པ་ཐོག་རྗེ་ཐོག་བཙན། ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་ཏེ་རྒྱལ་རབས་ལྔ་བོའོ།།
འཛམ་གླིང་གི་གནས་མཆོག་ལྔ། འཛམ་བུའི་གླིང་འདིའི་དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདན། ཤར་ན་འཇམ་དབྱངས་ཀྱི་བཞུགས་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་པོ་ཏ་ལ།ནུབ་ན་མཁའ་འགྲོའི་བཞུགས་གནས་ཨུ་རྒྱན། བྱང་ན་རིགས་ལྡན་གྱི་བཞུགས་གནས་ཤམ་བྷ་ལའོ།།
རུ་ཆེན་ལྔ། སྲོང་བཙན་སྒམ་པོས་བོད་ཡུལ་གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ། དེ་མིན་རྣམས་ཡན་ལག་གསུམ་པའི་རུ་སྟེ་རུ་ཆེན་ཁག་ལྔར་ཕྱེ་བ་དེ་དག་གི་སྤྱི་མིང་ཡིན་ཞིང༌། སྔ་མ་གཉིས་ལ་བར་དབུས་གཙང་རུ་བཞིའང་ཟེར།
ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ། རྒྱལ་བོ་ཁྲི་ལྡེ་གཙུག་བརྟན་ནས་ཁྲི་གཙུག་ལྡེ་བཙན་བར་གྱི་གདུང་རབས་ལྔ་སྟེ་ཁྲི་ལྡེ་གཙུག་བརྟན་དང༌། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་ནོ།།
ས་སྐྱ་གོང་མ་ལྔ།ས་སྐྱ་འཁོན་རིགས་ཀྱི་བླ་མའི་ནང་ནས་སྙན་གྲགས་ཆེ་བ་རྣམ་པ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་བོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་ཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་བཅས་ལྔ།
ཁྲི་དྲུག་མགྱོགས། སེང་གེ་དང་གླང་ཆེན།རྟ་མཆོག་དང་རྨ་བྱ། ཤང་ཤང༌། གྱད་ཀྱི་མི་རྣམས་སོ།།
གླུ་དབྱངས་ཀྱི་ངེས་པ་དྲུག ༡སྐད་མཐོ་བ་ནས་དམའ་བར་འགྱུར་བའི་འགྱུར་བ་དང༌།༢ སྐད་གདངས་མཐོ་དམའི་བར་གྱི་ཁུག་པ། ༣སྐད་གདངས་མཐོ་བར་འདེགས་པ་དང༌། ༤ སྐད་གདངས་དམའ་བར་འཇོག་པ། ༥ སྐད་གདངས་བརྗིད་ཅིང་སྦོམ་པ་དང༌། ༦ སྐད་གདངས་གྲིམས་ཤིང་ཕྲ་བ་སྟེ་དྲུག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注