སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོའི་ཐད་འདི་ལྟར་བསྟན།

སློབ་གསོ་པུའི་གཞུང་ལས་ཐིང་གིས་ཉེ་དུས་བརྡ་ཐོ་པར་འགྲེམས་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོའི་ལག་བསྟར་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སློབ་གསོའི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ནས། འབྱུང་འགྱུར་ལ་ཕྱོགས་པའི་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དགོས་མཁོ་སྐོང་དགོས། གཉིས་ནི་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་ཆོས་ཉིད་དང་ཤེས་ལྡན་པ་འཚར་ལོངས་ཡོང་བའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། མི་ཐབས་རིག་ནུས་ལ་བརྟེན་ནས་མི་རྩ་བར་འཛིན་པའི་གསར་གཏོད་སློབ་གསོའི་འབྱུང་ཁམས་འཛུགས་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་པ། སློབ་མར་མི་དང་ལག་རྩལ་དང་། སྤྱི་ཚོགས་བཅས་བར་གྱི་འབྲེལ་བ་ཐག་ཡང་དག་གཅོད་པར་ཁྲིད་སྟོན་བྱེད་པ། བསམ་གཞིགས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གསུམ་ནི་སྤྲོ་སྣང་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་མ་རྩད་ཞིབ་ལག་ལེན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། སློབ་པ་དང་བཀོལ་སྤྱོད་ཟུང་འབྲེལ་བྱ་རྒྱུར་ནན་སྟོན་བྱེད་པ། སློབ་མའི་ཚན་རིག་དགའ་སྣང་དང་ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། གྲངས་འཛིན་གྱི་བྱང་ཚད་དང་གྲངས་འཛིན་གྱི་རྩལ་ནུས་ཆེ་རུ་གཏོང་དགོས། བཞི་ནི་གཅིག་གྱུར་འཆར་འགོད་དང་ཇུས་འགོད་འདིང་བ་མཐའ་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་དང་སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཟབ་ནན་ངང་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་གནས་དང་སློབ་གྲྭར་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ་བཅས་རེད།

བརྡ་ཐོའི་ནང་། མ་ལག་ཅན་གྱི་སློབ་ཚན་མ་ལག་བཀོད་འཛུགས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སློབ་ཁྲིད་དང་དཔྱད་དཔོག་ལག་ལེན་བསྟར་དགོས། འབྲེལ་ཡོད་སློབ་ཚན་ཁྲོད་ཀྱི་མི་ཐབས་རིག་ནུས་སློབ་གསོའི་བླང་བྱ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སློབ་ཆུང་ལོ་རིམ་དམའ་བའི་དུས་རིམ་ལ་ཤེས་ཚོར་དང་ཉམས་ལེན་གྱི་མི་ཐབས་རིག་ནུས་ལག་རྩལ་ལ་ཕྱོགས་ལྷུང་བྱེད་དགོས་པ་དང་། སློབ་ཆུང་ལོ་རིམ་མཐོ་བའི་དུས་རིམ་དང་དམའ་རིམ་སློབ་འབྲིང་དུས་རིམ་ལ་གོ་རྟོགས་དང་བཀོལ་སྤྱོད་ཀྱི་མི་ཐབས་རིག་ནུས་ལག་རྩལ་ལ་ཕྱོགས་ལྷུང་བྱེད་དགོས་པ། མཐོ་རིམ་སློབ་འབྲིང་དུས་རིམ་ལ་རྣམ་གྲངས་གསར་གཏོད་དང་མདུན་གྲལ་བཀོལ་སྤྱོད་ལ་ཕྱོགས་ལྷུང་བྱེད་དགོས། ས་གནས་ཁག་གི་སློབ་གྲྭ་ཁག་གིས་མི་ཐབས་རིག་ནུས་སློབ་གསོ་དེ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་རྣམ་གྲངས་དང་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་ནང་འཇུག་རྒྱུར་ལྕག་སྐུལ་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་གསུམ་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་སློབ་གསོའི་སློབ་སྦྱོང་རིགས་ཀྱི་སློབ་ཚན་དང་སློབ་ཁྲིད་ཀྱི་དཔེ་མཚོན་ཁག་གཅིག་ཞིབ་བཟོ་བཅས་བྱས་ནས་སློབ་ཁྲིད་ལ་རྒྱབ་སྐྱོར་བྱ་དགོས། ཆ་འཕྲིན་ཚན་རྩལ་དང་། ཚན་རིག་རིགས། ཕྱོགས་བསྡུས་ལག་ལེན་བྱེད་སྒོ། ངལ་རྩོལ་སོགས་ཀྱི་སློབ་ཚན་དང་སློབ་ཚན་རྗེས་ཀྱི་ཞབས་ཞུར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་གཞི་གཅིག་ཅན་དུ་ལག་ལེན་བསྟར་དགོས། མི་ཐབས་རིག་ནུས་ལག་རྩལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པ་དང་། ལས་འགན་དང་། རྣམ་གྲངས། གནད་དོན་བཅས་ལ་གཞིགས་ནས་སློབ་སྦྱོང་བྱེད་པའི་སློབ་ཁྲིད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བསྟན་འདུག

བརྡ་ཐོའི་ནང་། ཀུན་འཕྲོད་ཅན་གྱི་སློབ་ཁྲིད་ཐོན་ཁུངས་གསར་སྤེལ་བྱས་ནས། ཁྱབ་ཆེ་བའི་སློབ་ཁྲིད་ཁོར་ཡུག་བསྐྲུན་དགོས། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རིག་ལྡན་སློབ་གསོའི་སྟེགས་བུར་སློབ་གྲྭ་འབྲིང་ཆུང་གི་མི་ཐབས་རིག་ནུས་སློབ་གསོའི་ལེ་ཚན་འཛུགས་པ་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ། སྤུས་ལེགས་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་མངོན་འགྱུར་ཐུབ་པ་བྱ་དགོས་ཞེས་ནན་སྟོན་བྱས་འདུག

བརྡ་ཐོའི་ནང་། གཞི་ཁྱོན་ཅན་གྱི་དགེ་རྒན་མཁོ་སྤྲོད་ལ་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་སློབ་གསོའི་དགེ་རྒན་གསོ་སྦྱོང་བྱ་རྒྱུ་དེ་འཆར་གཞིའི་ནང་བཅུག་ནས། དགེ་རྒན་གྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་དང་སློབ་གྲྭར་མི་ཐབས་རིག་ནུས་སློབ་གསོའི་དགེ་རྒན་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ལྕག་སྐུལ་གྱིས་མཐོ་སློབ་དང་། ཚན་ཞིབ་ཁང་། ཚན་རྩལ་མཐོ་བའི་ཁེ་ལས་བཅས་ཀྱི་ནང་ཆ་རྐྱེན་འཛོམས་པའི་ཆེད་ལས་ཤེས་ལྡན་མི་སྣ་དག་མི་ཐབས་རིག་ནུས་དང་དགེ་རྒན་གཅིག་ལྕོགས་བྱེད་རིགས་ནང་འདྲེན་ཧུར་ཐག་བྱེད་དགོས་ཞེས་བསྟན་འདུག

བརྡ་ཐོའི་ནང་། སྣ་མང་ཅན་གྱི་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། སློབ་གྲྭས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་བརྒྱུད། མི་ཐབས་རིག་ནུས་དེ་སློབ་མ་སྒེར་གྱི་འཚོ་བ་དང་། སློབ་གྲྭའི་འཚོ་བ། སྤྱི་ཚོགས་ཀྱི་འཚོ་བ་བཅས་དང་ཟུང་འབྲེལ་དམ་ཚགས་བྱེད་པར་བསྔགས་སྐུལ་གྱིས་མི་ཐབས་རིག་ནུས་ཀྱི་སློབ་གསོའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་ཞེས་བསྟན་འདུག

བརྡ་ཐོའི་ནང་། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་ཡག་པོ་དང་། གྲོང་གསེབ་དང་ཐག་རིང་ལུང་ཁུག་གི་སློབ་གྲྭར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་སྐོར་སྐྱོད་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་ལས་སྟེགས་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་མི་ཐབས་རིག་ནུས་སློབ་གསོའི་འབྲེལ་ཡོད་སློབ་ཚན་ཕན་ཚུན་འབྲེལ་མཐུད་ཐུབ་པ་བཅས་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭས་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་ནས། སློབ་ཁྲིད་ཉམས་མྱོང་མཉམ་སྤྱོད་དང་མི་ཐབས་རིག་ནུས་སློབ་གསོའི་སྤུས་ཚད་མཉམ་དུ་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号