ལས་བཟོ་པ་འགྲིམ་འགྲུལ་སྒྲིག་ལམ་དང་འགལ་ཏེ་རྨས་སྐྱོན་ཕོག་ན་ལས་རྨས་སུ་ངོས་འཛིན་པར་རེ་ཞུ་བྱེད་ཆོག་གམ།


བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་ཀུང་སི་ག་གེ་མོ་ཞིག་གི་ཟོང་འཁོར་ཁ་ལོ་པ་ཡིན། ཉིན་རེར་རླངས་འཁོར་བསྐོར་ཏེ་གྲོང་མཐའི་བཟོ་གྲྭ་ནང་གི་ཚོང་ཟོང་གྲོང་ཁྱེར་ནང་སྐྱེལ་བའི་འགན་ཁུར་ཡོད། ཉིན་ཞིག་གི་ཞོགས་པར། ངས་རླངས་འཁོར་བསྐོར་ཏེ་ཚོང་ཟོང་སྐྱེལ་བའི་ལམ་བར་དུ་གློག་དམར་བརྒལ་ཅིང་། ཚུར་ཡོང་རླངས་འཁོར་གྱིས་སྒྲིག་འགལ་ངང་ལམ་ཁ་བསྒྱུར་ལ། ཕྱོགས་གཉིས་ཀས་གཡོལ་གཟུར་བྱེད་འཕྱིས་པས་འགྲིམ་འགྲུལ་དོན་རྐྱེན་བྱུང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ངས་དོན་རྐྱེན་གྱི་འགན་འཁྲིའི50%འཁུར་དགོས་པར་ངོས་འཛིན་བྱས། ཐེངས་འདིའི་དོན་རྐྱེན་ཁྲོད་ངའི་རྐང་པ་གཡས་པར་རུས་ཆག་བྱུང་སྟེ་སྨན་ཁང་དུ་སྡོད་བཅོས་བྱེད་ཞོར་ཉི་མ་མང་པོར་ངལ་གསོས་པ་ཡིན། ངས་བསམས་ན་རང་ཉིད་ལས་རྨས་སུ་གཏོགས་པར་འདོད་མོད། ཡིན་ཡང་ཀུང་སིས་ང་རང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་དོན་རྐྱེན་བྱུང་བ་ཡིན་པས། ལས་རྨས་སུ་མི་གཏོགས་ཟེར། འདིར་འདྲི་རྒྱུ་ཞིག་ལ་ལས་བཟོ་པར་ལས་ཀ་ལས་སྐབས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་དབང་གིས་རྨས་སྐྱོན་ཐེབས་ན་ལས་རྨས་སུ་ངོས་འཛིན་བྱེད་མི་ཆོག་གམ།


ཞེས་ཀློག་པ་པོ་ཚེ་བརྟན་ནས།

སྐུ་ཞབས་ཚེ་བརྟན་ལགས།

《ལས་རྨས་ངོས་འཛིན་སྲོལ་ཡིག》གི་དོན་ཚན14པ་དང་དོན་ཚན15པའི་ནང་ལས་རྨས་ངོས་འཛིན་བྱེད་པའི་ཆ་རྐྱེན་གཏན་འབེབས་བྱས་ཡོད་པར་མ་ཟད་ལས་རྨས་སུ་གཏོགས་པའི་སྣང་ཚུལ་མང་པོ་དཔེར་དྲངས་ཡོད། དོན་ཚན16པའི་ནང་དུ་ལས་རྨས་སུ་ངོས་འཛིན་མི་བྱེད་པའི་སྣང་ཚུལ་གཏན་འབེབས་བྱས་ཡོད་དེ། “ལས་བཟོ་པ་སྲོལ་ཡིག་འདིའི་དོན་ཚན14པ་དང15པའི་གཏན་འབེབས་དང་མཐུན་ཡང་། གཤམ་གྱི་སྣང་ཚུལ་དག་ལས་གཅིག་ཡོད་ཚེ། ལས་རྨས་སུ་ངོས་འཛིན་བྱེད་མི་ཆོག་པའམ་ཡང་ན་ལས་རྨས་དང་གཅིག་མཚུངས་སུ་བརྩི་མི་ཆོག

(1)བསམ་གཟས་ནས་ནག་ཉེས་བསགས་པ།

(2)ཆང་གིས་བཟི་བའམ་ཡང་ན་དུ་ནག་འཐེན་པ།

(3)རང་རྨས་བྱས་པའམ་ཡང་ན་རང་སྲོག་བཅད་པ་བཅས་ཡིན། གཏན་འབེབས་འདི་དག་གི་ཁྲོད་ནས་གཤམ་གྱི་སྤྱི་སྡོམ་ཐོབ་པ་སྟེ།

གཅིག་ནི་ལས་རྨས་ངོས་འཛིན་བྱེད་པར་བྱས་ཉེས་མེད་པའི་འགན་འཁྲིའི་རྩ་དོན་ལག་བསྟར་བྱེད་པ་ཡིན་ཏེ། ལས་རྨས་དོན་རྐྱེན་གྱི་འགན་འཁྲི་དེ་མི་བཀོལ་ལས་ཁུངས་ཀྱིས་འཁུར་དགོས་པ་དང་ལས་བཟོ་པ་མི་སྒེར་རམ་ཡང་ན་མི་གསུམ་པས་འཁུར་དགོས་པ་གང་ཡིན་རུང་། མི་བཀོལ་ལས་ཁུངས་ཀྱིས་ལས་རྨས་འགན་སྲུང་འགན་འཁྲི་འཁུར་དགོས།

གཉིས་ནི་ལས་བཟོ་པས་ལས་ཀ་ལས་སྐབས་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ཀྱི་དབང་གིས་རང་ཉིད་ལ་དོན་རྐྱེན་གྱི་རྨས་སྐྱོན་ཕོག་པ་ཡིན་ནའང་། ཚང་མ་ལས་རྨས་སུ་ངོས་འཛིན་བྱེད་མི་ཐུབ་པ་མ་ཡིན་ཏེ། 《ལས་རྨས་ངོས་འཛིན་སྲོལ་ཡིག》གི་དོན་ཚན16པས་ཁྲིམས་འགལ་བྱ་སྤྱོད་ཁྲོད་ཀྱི་དུ་ནག་འཐེན་པ་དང་ཉེས་བསགས་ཁྲོད་ཀྱི་བསམ་གཟས་ནས་ནག་ཉེས་བསགས་པ་དེ་ལས་རྨས་སུ་ངོས་འཛིན་མི་བྱེད་པ་མ་གཏོགས། ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་དང་ལས་འཛོལ་ནག་ཉེས་སོགས་ལས་རྨས་ངོས་འཛིན་བྱེད་པའི་ཁྱབ་ཁོངས་ནས་ཕུད་མེད།

གྱོད་དོན་འདིའི་ནང་དུ། ཁྱོད་ལ་དངོས་གནས་ལས་ཀའི་དུས་ཚོད་དང་ལས་ཀ་ལས་ཡུལ་དུ་ལས་ཀའི་འགན་འཁྲི་ལག་བསྟར་བྱེད་སྐབས་རྨས་སྐྱོན་ཕོག་པ་རེད། དེའི་ཁར་ད་དུང་ལས་རྨས་སུ་ངོས་འཛིན་བྱེད་མི་ཆོག་པའམ་ཡང་ན་ལས་རྨས་དང་གཅིག་མཚུངས་སུ་བརྩི་མི་ཆོག་པའི་སྣང་ཚུལ་ཡང་མེད་པས། ཁྱོད་ལ་ཕོག་པའི་རྨས་སྐྱོན་དེ་ལས་རྨས་སུ་གཏོགས་ལ། ཀུང་སིས་ལས་རྨས་ཀྱི་འགན་འཁྲི་འཁུར་དགོས། ཀུང་སིས་ལས་རྨས་ངོས་འཛིན་རེ་ཞུ་དང་ལེན་མ་བྱས་པའི་གནས་ཚུལ་འོག ཁྱོད་ཀྱིས་དོན་རྐྱེན་གྱི་རྨས་སྐྱོན་ཕོག་ཉིན་ནས་བཟུང་སྟེ་ལོ་ངོ1གི་ནང་ཐད་ཀར་དུ་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་ལ་ལས་རྨས་ངོས་འཛིན་བྱེད་པའི་རེ་འདུན་ཞུས་ཆོག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号