ཤ་བོ་སྐྱབས་ཀྱིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཅང་ཞི་ཞིང་ཆེན་དུ་བསྐྱོད་ནས་རྟོག་ཞིབ་དང་ཚོང་འགུག་བྱས།
ཟླ3པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་མ་འཇོག་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས། མཚོ་བྱང་ཁུལ་གྱི་གསར་བརྗེའི་ཉམས་ཞིབ་དང་རིག་གནས་དང་ཡུལ་སྐོར་སྣེ་འདྲེན། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། ལྗང་མདོག་རྩིས་ནུས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ་བསྐྱོད་དེ་ཚོང་འགུགས་མ་འཇོག་དང་རྟོག་ཞིབ་བརྗེ་རེས་གནང་།
ཅང་ཞི་ཁྲང་ཐེན་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ལས་རྣམ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་བཞུགས་མོལ་གནང་། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ཅང་ཞི་ཞིང་ཆེན་གྱིས་ཕན་དབྱང་མཚེའུ་དང་ཝུའུ་ཀུང་རི་བོ་སོགས་རྒྱལ་ནང་གི་ལྗོངས་ཁུལ་གྲགས་ཅན་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་བསྐྲུན་པའི་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཅང་ཞི་ཁྲང་ཐེན་ཡུལ་སྐོར་སྡེ་ཚོགས་དང་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་དགོས་ཤིང་། ལྷག་པར་དུ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་དང་བྱ་གླིང་གི་བྱ་གཟིགས་གྲོང་རྡལ་ཆུང་ཆུང་བསྐྲུན་པ། མཚོ་སྔོན་པོ་བྱེ་མ་གསེར་ལྡན། ཨ་མྱེས་སྟོང་སོའི་ནགས་ཀློང་། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་སྐྱེ་ཁམས་ཉམས་ལེན་ས་ཚིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་དེ་བཞིན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས་གཉིས་ཕན་མངོན་འགྱུར་བྱ་རྒྱུ་ཡིན་ཟེར། ཅང་ཞི་ཁྲང་ཐེན་ཡུལ་སྐོར་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཏོན་ཝེ་ཏང་སོགས་མགོ་ཁྲིད་ཀྱིས་ཁེ་ལས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཏེ་མཚོ་བྱང་ཁུལ་གྱིས་བཏོན་པའི་མཉམ་ལས་ཀྱི་བསམ་ཚུལ་ལ་ལན་ཧུར་ཐག་བཏབ་ནས་མཚོ་བྱང་དང་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད་པར་བཤད། བཞུགས་མོལ་བརྗེ་རེས་བྱས་པ་བརྒྱུད། ཕྱོགས་གཉིས་ཀྱིས་མཚོ་བྱང་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མནའ་འབྲེལ་ནང་ཞུགས་པ་དང་། འབྲི་ཆུའི་དབུས་རྒྱུད་ཀྱི་ཧུའུ་པེ་དང་ཅང་ཞི། ཧུའུ་ནན་བཅས་ཞིང་ཆེན་གསུམ་གྱི་ཡུལ་སྐོར་ཁཱ་གཅིག་ཀུན་འདུས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གཏིང་ཟབ། ཆས་རྟགས་དྲིལ་སྒྲོག་ངོ་སྤྲོད། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་འགྲན་སྡུར་དང་རིག་གནས་ཡུལ་སྐོར་བྱེད་སྒོར་ཞུགས་པ། ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པ་སོགས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཞིང་། དངོས་སྒྲུབ་བྱེད་ཐབས་བཏོན་པ་དང་ནུས་ལྡན་གྱི་ལམ་སྲོལ་བཙུགས་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་ཁེ་ལས་དང་མཚོ་བྱང་གཉིས་གཉིས་ཕན་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
ནན་ཁྲང་སློབ་ཆེན་དུ། ཤ་བོ་སྐྱབས་འཁོར་དང་བཅས་པས་སློབ་གྲྭའི་ལོ་རྒྱུས་ཁང་དང་གསར་བརྗེའི་རིག་གནས་ཁང་ལ་ལྟ་སྐོར་བྱས་པར་མ་ཟད་སློབ་གྲྭ་དང་བཞུགས་མོལ་བརྗེ་རེས་གནང་། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་གསོ་སྐྱོང་བྱ་ཡུལ་ཡིན་ལ། མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་སྙིང་སྟོབས་ཀྱི་བཙན་ས་ཞིག་ཡིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཆིང་ཧྭ་སློབ་ཆེན་སོགས་ལས་ཁུངས90ལྷག་ཙམ་གྱིས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་བཀལ་ལ། རྒྱལ་ནང་གི་ཀྲེ་ཅང་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ20ལྷག་ཙམ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནན་ཁྲང་སློབ་ཆེན་གྱི་གསར་བརྗེའི་རིག་གནས་ཁང་དང་དགེ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་དང་དེ་བཞིན་སློབ་རར་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་མཐུན་སྦྱོར་བརྗེ་རེས་བྱེད་རོགས་དང་། ནན་ཁྲང་སློབ་ཆེན་གྱི་བཟའ་བཅའ་གསར་སྤེལ་དང་སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ་བོད་ལུག་དང་ནོར་གནག ནས། སྦྲང་རྩི། ཀྲུང་བོད་སྨན་སོགས་མཚོ་བྱང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བའི་ཐད་ཆེད་ལས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱ་རྒྱུར་དམིགས་ནས་མཚོ་བྱང་གི་ཕུལ་དུ་བྱུང་བའི་རོང་འབྲོག་སློབ་མ་སློབ་སྦྱོང་བྱེད་པར་བསྡུ་ལེན་དང་བསླབ་གནས་མཐོ་རུ་གཏོང་བའི་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཟེར། ནན་ཁྲང་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཁྲིན་ཧྲི་ཧྥ་ཡིས་སློབ་གྲྭའི་མགོ་ཁྲིད་ཚན་ཆུང་གི་ཚབ་ཞུས་ནས་མཚོ་བྱང་ཁུལ་གྱིས་བཏོན་པའི་མཉམ་ལས་བསམ་ཚུལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་སློབ་གྲྭ་དང་མཚོ་བྱང་མཉམ་ལས་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པར་བཤད།
ནན་ཁྲང་གྲོང་ཁྱེར་དུ་ཚོང་འགུག་མ་འདྲེན་བྱེད་པའི་རིང་། ཤ་བོ་སྐྱབས་དང་ཅང་ཞི་ཡུན་ཡན་ཧྲི་ཅེ་ཚན་རྩལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཚོ་བྱང་དུ་ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག་བྱ་རྒྱུའི་སྐོར་ནས་གྲོས་མོལ་བྱས། ཧྲོང་པའོ་ཐའེ་སྡེ་ཚོགས་མཚོ་བྱང་ལ་རྟོག་ཞིབ་དང་བརྗེ་རེས་བྱེད་དུ་ཡོང་ནས་དེའི་གསོ་སྤེལ་ལས་རིགས་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་གི་ད་ཡོད་ཁྲོམ་རའི་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད་བྱས་ཏེ་གཟན་ཆས་ལས་སྣོན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས། ཕན་དབྱང་མཚེའུ་ཡི་མཐའ་འཁོར་དུ་བསྐྱོད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་བྱ་གཟིགས་གྲོང་རྡལ་ཆུང་ཆུང་བསྐྲུན་པའི་བྱེད་སྟངས་དངོས་ལ་སློབ་སྦྱོང་བྱས་པར་མ་ཟད། ཅང་ཞི་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་བྱ་བར་འབྲེལ་མཐུད་བྱས་ཏེ་བྱ་གཟིགས་གྲོང་རྡལ་ཆུང་ཆུང་གི་སྤྱིའི་འཆར་འགོད་ཇུས་འགོད་དང་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་སོགས་ཐད་རྒྱབ་སྐྱོར་ཤུགས་ཆེན་འཚོལ་ཞིབ་བྱས།
ཅང་ཞི་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཝང་ཆན་ཧུའུ་དང་། ཏང་ཙུའི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལི་ཆིན་ཧུང་མཉམ་དུ་འབྲེལ་ཡོད་བྱེད་སྒོར་ཞུགས། ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག རྒྱལ་ཁབ་ཀྱི་ཁེ་ལས། འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注