2025ལོར་མཚོ་བྱང་ཁུལ་གྱིས་དམངས་ཚིས་བྱ་བ་རིགས་དགུ་དང་དོན་ཚན་ཉེར་གཉིས་ལག་བསྟར་བྱེད་རྒྱུ་རེད།
ཟླ2པའི་ཚེས24ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར། མཚོ་བྱང་ཁུལ་གྱིས་ལས་ཞུགས་རྨང་གཞི་ཇེ་བརྟན་དང་སློབ་གསོ་མཐོར་འདེགས། སྡོད་ཁང་འགན་སྲུང་། སྤུས་ལེགས་སྨན་བཅོས། འཆམ་མཐུན་གྲོང་གསེབ་སོགས་དམངས་ཚིས་བྱ་བ་རིགས་དགུ་དང་དོན་ཚན་ཉེར་གཉིས་ལག་བསྟར་བྱེད་རྒྱུ་ཡིན་ལ། དྲོད་འཁོལ་སྦྱིན་པའི་བྱེད་ཐབས་ལག་ལེན་དུ་བསྟར་བ་དེས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དངོས་ཡོད་ཀྱི་དམངས་ཚིས་གནད་དོན་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དམངས་ཚིས་བྱ་བ་རིགས་ཆེན་པོ་དགུ་པོ་དེར་སྡོད་ཁང་འགན་སྲུང་དང་འཆམ་མཐུན་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་གསར་སྒྱུར་སོགས་ཕྱོགས་མང་པོ་འདུས་ཡོད། དེའི་ཁྲོད། སྡོད་ཁང་འགན་སྲུང་ཕྱོགས་ནས། གྲོང་རྡལ་གྱི་སྡོད་ཁུལ་རྙིང་བ་སྟོང་གསུམ་དང་དགུ་བཅུ་གོ་བཞི་བསྒྱུར་བཀོད་དང་། རོང་འབྲོག་ཁྱིམ་ཚང་སྟོང་བདུན་དང་ཉིས་བརྒྱ་རེ་ལྔའི་གཞིས་སྡོད་ཆ་རྐྱེན་ལེགས་སྒྱུར་ལེགས་འགྲུབ་བྱས་ཏེ། སྡོད་དམངས་ཀྱི་གཞིས་སྡོད་ཆ་རྐྱེན་ལེགས་སྒྱུར་བྱེད་རྒྱུ། སློབ་གསོ་མཐོར་འདེགས་གཏོང་བའི་ཕྱོགས་ནས། སློབ་གྲྭ་བཅུར་རིག་ནུས་སྒོ་སམ་དང་སློབ་མའི་གློག་ཀླད་སོགས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ཉོ་བ་དང་། ནུས་ཤུགས་ཡོད་རྒུས་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་གཞི་གྲངས་ཅན་གྱི་སློབ་ར་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་གཏོང་རྒྱུ། མདོ་ལ་རྫོང་མི་རིགས་སློབ་འབྲིང་དང་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་ལུས་རྩལ་ཐང་ཆེན་གྱི་ལས་གཞིའི་མགོ་རྩོམ་པ་དང་། སློབ་གྲྭ་བཅུའི་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་སོགས་འདུས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注