མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་དགུ་ཐུག་ངོ་སྤྲོད་མདོར་བསྡུས།

ལོ་རེའི་བོད་ལོའི29ཉིན་གྱི་དགོང་མོར་ངའི་ཕ་ཡུལ་ཏེ་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བས་ལོ་གཅིག་གི་དགུ་གཏོར་གྱི་བྱེད་སྒོ་སྤེལ་གྱིན་ཡོད་པ་དང་། དེ་ཡང་ཉིན་དེར་ཁྱིམ་ལ་གད་དར་བྱེད་པ་དང་དགོང་མོར་ཁྱིམ་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང་དེ་ནི་ལོ་རྙིང་བ་ཞིག་རྒྱལ་ཁའི་ངང་ཕར་ལ་བསྐྱལ་ནས་ལོ་གསར་བ་ཞིག་རྟེན་འབྲེལ་གྱིས་ཚུར་ལ་བསུ་སྟ་གོན་ཡིན། 

དགུ་ཐུག་འདི་ལ་བཤད་ཚུལ་མི་འདྲ་བ་གཉིས་ཡོད་ཅིང་གཅིག་ནི་ཉིན་དེ་ནི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་འཁེལ་ཡོད་པས་དགུ་ཐུག་ཟེར་བ་དང་ཡང་བཤད་ཚུལ་གཞན་ཞིག་ནི་དགུ་ཐུག་གི་ནང་རྫས་སྣ་དགུ་འདུས་པས་ན་དགུ་ཐུག་ཟེར། དེ་ཡང་དགུ་ཐུག་ནི་གཙོ་བོ་ཆུ་མོག(པེན་ཞི)ལས་གྲུབ་པ་དང་ཇི་ལྟར་མང་བོ་བཟའ་ཐུབ་ན་དེ་ལྟར་བཟང་བོ་ཞིག་ཏུ་བརྩི་སྲོལ་ཡོད།  དགུ་ཐུག་ཆུ་མོག་གི་ནང་དུ་བལ་དང་ཚིལ། སྒོག་པ། ཤུག་པ། ཤོག་བུ། གོས།  རིལ་མ། ཚྭ་ཁུ་(ས་ཆ་ཡུལ་ལུང་མི་གཅིག་པ་སོ་སོར་རང་རང་གི་ཡུལ་སྲོལ་གོམས་གཤིས་ཡོད་མོད། འདིར་གཙོ་བོ་མཚོ་སྔོན་པོ་མདའ་བཞིའི་ཡུལ་སྲོལ་དང་བསྟུན་ནས་བརྗོད་པ་ཡིན།)སོགས་གཅུད་ནས་མཉམ་དུ་བཙོས་རྗེས་རེ་རེ་བཞིན་སུ་ཞིག་ལ་འཐོབ་མིན་ལྟ་དགོས། དེ་ཡང་བལ་འཐོབ་མཁན་ནི་བསམ་དཀར་དང་ཚིལ་འཐོབ་མཁན་ནི་བསོད་ནམས་ཆེན་པོ་ཅན། སྒོག་པ་འཐོབ་མཁན་ནི་དྲི་ངན་ཅན། ཤུག་པ་འཐོབ་མཁན་ནི་ཕྱུགས་པོ། ཤོག་བུ་འཐོབ་མཁན་ནི་རྐྱལ་སྟོང་། གོས་འཐོབ་མཁན་ནི་གོས་བསོད་ཅན། རིལ་མ་འཐོབ་མཁན་ནི་བསམ་ནག ཚྭ་ཁུ་འཐོབ་མཁན་ནི་ལེ་བདའ་བྱེད་རྒྱུར་དགའ་བ་སོགས་ཀྱི་དཔེ་མཚོན་དང་སྦྱར་ནས་དགོང་མོ་དེར་ཁྱིམ་མི་གང་བོས་ཀུ་རེ་སྣ་ཚོགས་བྱས་ནས་ཁྱིམ་ཚང་དགོད་སྒྲས་ཁྱབ་ཡོངས། ངག་རྒྱུན་ལྟར་ན་དགུ་ཐུག་འཐུང་བའི་དགོང་མོར་གཤིན་རྗེ་ཆོས་རྒྱལ་གྱིས་མི་རེ་རེའི་ལྗིད་ཚད་རྒྱ་མར་ཚད་ནས་རྒྱ་མ་ཇི་ལྟར་ལྗིད་ན་མི་དེའི་ཚེ་ཐག་དེ་ལྟར་ཇེ་རིང་དུ་གཏོང་ངེས་ཡིན་ཟེར་ལ། གལ་ཏེ་རྒྱ་གྲངས་ལ་མ་ལོངས་ན་མི་དེར་ནད་སོགས་འབྱུང་སླ་བར་བཤད་ནས་དགུ་ཐུག་མང་བོ་བཟའ་རུ་འཇུག་ངེས། འདི་ནི་ང་རང་བྱིས་པ་ཡིན་དུས་ལོ་ལོན་ཚོས་ནམ་རྒྱུན་དགུ་ཐུག་འཐུང་བའི་དགོང་མོར་ངེད་ཅག་ལ་བཤད་ནས་རྣ་བྱང་ལ་སོང་ཡོད་པའི་ངག་རྒྱུན་ཞིག་ཡིན། ངག་རྒྱུན་ནི་ངག་རྒྱུན་རང་ཡིན་མོད། འོན་ཀྱང་འདིའི་ནང་དུ་ང་ཚོས་ཤེས་དགོས་པ་གང་མང་ཞིག་ཡོད་པས་ཆེད་དུ་བཀོད་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号