གཟུགས་པོ་འབྲི་བཞེངས་ཁྲོད་ཀྱི་དྲོད་དང་ཤུགས།

—— ཀརྨ་སྒྲོལ་མའི་སྒྲུང་ཐུང《སྐྱེ་ཟུག》གཞིར་བཟུང་བ།

ཀུན་བཟང་དོན་གྲུབ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།

ཀརྨ་སྒྲོལ་མའི་སྒྲུང་ཐུང《སྐྱེ་ཟུག》ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གཉིས་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། དེ་ནི་ལོ་འདི་ཚོར་བསྟུད་མར་སྤེལ་བའི་སྒྲུང་ཐུང་འགྲན་སྡུར་ནང་བྱ་དགའ་རག་མཁན་གྱི་བུད་མེད་རྩོམ་པ་པོ་རྣམས་ལས་ཨང་དང་པོ་བཞེས་མཁན་གཅིག་པུ་དང་། སྒྲུང་ཐུང་འགྲན་སྡུར་ནང་བྱ་དགའ་ཐོབ་མཁན་གྱི་བུད་མེད་ཐོག་མའང་རེད། དཔྱད་འདེམ་པས “རང་མྱོང་ཟབ་མོ་ཞིག་ལ་རྐང་བཅས། རྗོད་བྱེད་ཚིག་གི་སྤྲོས་ཤོམ་སྤངས། དོན་གྱི་རིམ་པར་འཕར་ལྡིང་བྲལ། གསལ་བཤད་དང་རང་སྟོན་གྱི་ཆ་ཉུང་། སྐྱེད་མའི་སྐྱིད་སྡུག་དང་ཚེ་སྲོག་གི་ངོ་མཚར་སོགས་བྱུང་རིམ་རང་སྟེང་གིས་གཅལ་དུ་བཀྲམ། ཀློག་པ་པོའི་ཡིད་སེམས་སྒུལ་བར་བྱེད་པའི་སྒྲུང་གཏམ་གྱི་ཆེས་ཐོག་མའི་མཛེས་པ་ཞིག་ཀྱང་ངང་གིས་གྲུབ”ཅེས་གདེང་འཇོག་གནང་འདུག སྒྲུང་ཐུང《སྐྱེ་ཟུག》ལ་མཚོན་ན། བུད་མེད་རྩོམ་པ་པོ་ཞེས་རྟེན་གྱི་ཁྱད་པར་དེ་དམིགས་སུ་འདོན་པར་དོན་སྙིང་ཆེ་སྟེ། “རང་མྱོང་ཟབ་མོ”དང “སྐྱེད་མའི་སྐྱིད་སྡུག” དེ་བཞིན“སྐྱེ་ཟུག”སོགས་སྒྲུང་གཏམ་གྱི་ཕྱི་ནང་གཉིས་ལས་སྐྱེས་མའི་རིང་ལུགས་ཀྱི་རྩོམ་འབྲིའི་གོ་བབ་མཐོང་ཐུབ་པར་མ་ཟད། སྐྱེས་པའི་སྤྲོས་བརྗོད་དང་ཆེ་ཚུགས་མ་ཡིན་པར་བུད་མེད་རང་གིས་རང་ཉིད་གླེང་བ་དང་། བུད་མེད་རང་གི་མྱོང་རྒྱུས་ཁོ་ན་ལ་བརྟེན་གྱི། ཕོ་དབང་རིང་ལུགས་ཀྱི་ཞིབ་བརྗོད་ནང་འདི་ལྟ་བུའི“སྐྱེ་ཟུག”ཅིག་གདོན་ནས་འགྲུབ་མི་ཐུབ་པས། 《སྐྱེ་ཟུག》ལ་ད་གཟོད་རྟེན་གྱི་མཐོང་སྣེ(性别视角)ནས་གསེད་དཀྲོལ་རྒྱག་པའི་དགེ་མཚན་དང་ཡོན་ཏན་ཐུན་མོང་མ་ཡིན་པ་ལྡན་ཡོད་ཅིང་། རྟེན་གྱི་མཐོང་སྣེ་ནས་རྩོམ་ཆོས་ལ་ཀློག་འགྲེལ་རྒྱག་པ་ནི་ཏག་ཏག་སྐྱེས་མའི་རིང་ལུགས་ཀྱི་དཔྱད་བརྗོད་ཀྱི་ཁྱད་ཆོས་གཙོ་བོའང་ཡིན།

སྐྱེས་མའི་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་ནང་རིམ་བཞིན་དར་བ་ཞིག་ཡིན་ཞིང་། དེ་ནི་སྐབས་དེའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་ཟམ་དམ་པོར་བསྐྱངས་པའི་ཐོག མོ་དབང་རིང་ལུགས་པའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ནང་གཉོམ་ལག་རྒྱས་པ་ཡིན་སྟབས། རྩོམ་རིག་གྲུབ་མཐའ་གཞན་དག་དང་བསྡུར་ན། ཡུན་རིང་མི་ནུབ་པའི་རྒྱལ་མཚན་བཙུགས་ཡོད་ཅེས་བརྗོད་ཆོག རྒྱུ་མཚན། སྐྱེས་མའི་རིང་ལུགས་ཀྱི་རྩོམ་དཔྱོད་དེ་མོ་དབང་རིང་ལུགས་དང་ཁ་འབྲལ་ཐབས་མེད་པ་དེས་གང་དེར་རྒྱབ་རྟེན་བྱས་ཡོད། སྤྱིར་བཏང་བཤད་ན། སྐྱེས་མའི་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ལ་ཕྱོགས་ཁག་མི་འདྲ་བ་ཆེ་ཤོས་གཉིས་སྟེ“གཅིག་ནི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཞིབ་འཇུག་གཙོ་བོར་འཛིན་པའི་དབྱིན་ཇི་དང་ཨ་རིའི་ཉམས་ཞིབ་ཕྱོགས་ཁག་སྟེ། ཕྱོགས་ཁག་དེས་རྩོམ་ཆོས་ཁྲོད་ཀྱི་རྟེན་ཁྱད་གསོད(性别歧视)ཀྱི་དོན་དངོས་གསལ་འདོན་ལ་ཤུགས་འདོན་པ་དང་། གཞན་དེ་ནི་སྒྲིག་གཞི་རིང་ལུགས་ཕྱི་མའི་གཞུང་ལུགས་རྨང་གཞི་བྱས་པའི་ཧྥ་རན་སིའི་ཉམས་ཞིབ་ཕྱོགས་ཁག་སྟེ། ཁོ་ཚོས་རྟེན་གྱི་གནད་དོན(性别问题)ནི་སྐད་ཆའི་གནད་དོན་ཡིན་པར་འདོད་ཅིང་། དེའི་ཕྱིར་སྐད་ཆ་དང་རྩོམ་འབྲིའི་ཐོག་གི་གསར་བརྗེ་ལ་ཤུགས་སྣོན་གྱིས་ཕ་དབང་གི་སྐད་ཆའི་སྒྲོམ་གཞི་ལ་ངོ་རྒོལ་དང་ཐ་ན་དེ་ཉིད་མགོ་རྟིང་སློག་རྒྱུར་འབད་པ་བྱེད།”

དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་ཡས་མས་སུ། ཧྥ་རན་སིའི་སྐྱེས་མའི་རིང་ལུགས་པ་ཞི་སུའུ་ཡིས“བུད་མེད་འབྲི་བཞེངས”(女性书写)ཀྱི་གཞུང་ལུགས་བཏོད་ཅིང་། དེ་ནི་བུད་མེད་ཀྱི་གཟུགས་པོ་འབྲི་བཞེངས(身体书写)ལྟེ་བར་བྱས་པའི་རྩོམ་འབྲིའི་མཐའ་དཔྱོད་རིགས་ཤིག་སྟེ། སྲོལ་རྒྱུན་གྱི་ཕ་དབང་དོན་བརྗོད་ནང་། བུད་མེད་ཀྱི་གཟུགས་པོ་འཁྱོག་བརྗོད་དང་ལག་ཆ་ཅན་དུ་གྱུར་བར་མི་འདོད་པའི་རྣམ་འགྱུར་འཛིན་སྟངས་ཤིག་ཀྱང་ཡིན་ཞེས་བཤད་ཆོག “ནུབ་ཕྱོགས་སྐྱེས་མའི་རིང་ལུགས་ཀྱིས་བཏོན་པའི‘གཟུགས་པོ་ཞིབ་འབྲི’ཞེས་པའི་ནང་སྙིང་ངོ་མ་ནི་གདོས་བཅས་ཀྱི་ཕུང་བོ་འབའ་ཞིག་གི་ཚོར་བ་ཙམ་མིན་པར། ལྡོག་ཏེ་ལོ་རྒྱུས་སྟེང་བུད་མེད་རྩོམ་འབྲི་ཡི་བཟློག་ཏུ་མེད་པའི་རང་བཞིན་དང་། དེའི་ཁྲོད་བག་ལ་ཞ་བའི་རྙོག་འཛིང་ཆེ་ཞིང་རྟག་ཏུ་སྔོན་མའི་ལོ་རྒྱུས་དང་རིག་གནས་ཀྱིས་སྒྲིབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་སྙིང་དེ་ཡིན”སྟབས། བུད་མེད་འབྲི་བཞེངས་ཀྱི་རྩོམ་འབྲིའི་འགན་ཁུར་ནི་ཤ་ཁྲག་གདོས་བཅས་ཀྱི་མིའི་གཟུགས་ཕུང་གི་ཚོར་བ་ཆིག་རྐྱང་དུ་བརྗོད་པ་ཁོ་ན་མིན་པར། དེའི་ཕྲག་ཏུ་ལོ་རྒྱུས་དང་རིག་གནས། ལྷག་པར་དུ་རིན་ཐང་ལྟ་བའི་དམིགས་ཡུལ་ཆེན་པོ་ཞིག་སྦས་ཡོད་པའང་སྨོས་མ་དགོས་པ་ཞིག་རེད། དེ་བས། སྐྱེས་མའི་རིང་ལུགས་ཀྱི་བུད་མེད་ཀྱི་གཟུགས་པོ་འབྲི་བཞེངས་ནི་ཕྱོགས་གཅིག་ནས་བུད་མེད་རང་ཉིད་ཀྱི་ནང་སེམས་ཀྱི་ཟབ་སར་གནས་ཡོད་པའི་སྒྲ་སྐད་ཕྱིར་འདོན་པ་ཡིན་ལ། ཕྱོགས་གཞན་ཞིག་ནས་དེ་ནི་ཕ་དབང་ལམ་ལུགས་ཀྱི་རིག་གནས་འཆིང་སྒྲོག་ལས་རང་ཉིད་རང་གིས་ཕྱིར་འདོན་པ་ཞིག་རེད།

“གཟུགས་པོ་འབྲི་བཞེངས་ནི་བུད་མེད་ཀྱི་གཟུགས་པོའི་དངོས་བརྒྱུད་ཀྱི་མྱོང་བ་འབྲི་བ་ཞིག་སྟེ། འཁྲིག་པའི་མྱོང་བ་དང་། ཕྲུ་གུ་སྐྱེ་བའི་མྱོང་བ། ན་བའི་མྱོང་བ། འཆི་བའི་མྱོང་བ། ཟླ་མཚན་ཐོག་མར་འབབ་པའི་མྱོང་བ་སོགས་འབྲི་བ་དེ་ཡིན།” 《སྐྱེ་ཟུག》ལ་མཚོན་ན། དེ་ནི་བུད་མེད་ཀྱིས་བུད་མེད་ཀྱི་གཟུགས་པོ་འབྲི་བཞེངས་བྱས་པའི་སྒྲུང་ཐུང་ཞིག་ཡིན་པ་བསྙོན་དུ་མེད་ཅིང་། དེ་ལས་ཕྲུ་གུ་ཐོག་མར་སྐྱེ་བའི་ཞེད་སྣང་དང་འཇིགས་སྣང་། བདེ་སྣང་དང་དགའ་སྣང་། ད་དུང་རེ་སྒུག ན་ཟུག ནོངས་པ། བསྲན་ཚུགས་སོགས་སེམས་ཀྱི “འགྱུར”དང་ལུས་ཀྱི“ཉམས”ཚང་མ་རྗོད་བྱེད་ཚིག་ལ་བརྒྱུས་ཏེ། ཕོ་ཡི་སྤྲོས་བརྗོད་ནང་མཐོང་དུ་མེད་པའི་བྱུང་རིམ་དང་དངོས་བརྒྱུད་ཀྱི་མྱོང་བ་ཟབ་མོས་བུད་མེད་ཀྱི་ནང་སེམས་ཕྱིར་བསྟན་ཡོད། རྟེན་གྱི་མཐོང་སྣེ་ནས《སྐྱེ་ཟུག》ཁྲོད་ཀྱི་གཟུགས་པོ་འབྲི་བཞེངས་ལ་དཔྱད་པ་ཡིན་ན། སྒྲུང་གཏམ་འདི་བོད་ཡིག་ནང་བརྩམས་པའི་སྐྱེས་མའི་རིང་ལུགས་ཀྱི་སྒྲུང་གཏམ་ཁྲོད་དམིགས་བསལ་དང་ཐུན་མོང་མིན་པར་གནས་ཡོད་པའི་ངེས་ཤེས་རྙེད་ཐུབ་སྟེ། གཉེན་སྒྲིག་རང་དབང་དང་ཕོ་མོ་འདྲ་མཉམ་ལྟ་བུའི་འབོད་ཚིག་གི་ཕྱི་ཤུན་འབའ་ཞིག་ལས་ནང་སྙིང་བྲལ་བའི་སྲོལ་རྒྱུན་རྩོམ་ཐབས་ཀྱི་སྒྲོག་ལས་ཕྱིར་ཕྱུང་སྟེ། “ན་ཟུག་ཡོད་ནས་འཁུན་སྒྲ་འབྱིན་པའི”རྩོམ་གྱི་སྦྱོར་བ་ལ་ཞུགས་ཡོད། ཡང་མོ་དབང་རིང་ལུགས་ཀྱི་ངོས་ནས་བལྟས་ན། སྒྲུང་གཏམ་འདི་ནི་བུད་མེད་ཀྱིས “བུད་མེད་ཀྱང་གང་ཟག་མི་ཡིན་པའི”རྩོད་ལེན་གྱི་བསྒྲགས་གཏམ་གྲས་སུ་མི་ཐེ་བར། བུད་མེད་རྣམས་སྐྱེས་པ་དང་འདྲ་བར་གང་ཟག་མི་ཡིན་པའི་ཐོབ་ཐང་གི་རྨང་གཞིའི་སྟེང་། བུད་མེད་ཀྱིས་སླར་ཡང“བུད་མེད་ནི་བུད་མེད་ཡིན་པར”རྩོད་ལེན་བྱེད་པའི་སྒྲུབ་བྱེད་གྲས་སུ་ཐེ་སྟེ། བུད་མེད་ནི་སྐྱེས་པ་དང་མི་འདྲ་བར་བུད་མེད་རང་ཉིད་ཀྱི་ན་ཟུག་དང་སྡུག་བསྔལ་ཡོད་ལ། བུད་མེད་རང་ཉིད་ཀྱི་དགའ་བ་དང་རེ་སྒུག་སོགས་ཀྱང་ཡོད་པ་བསྟན་ཡོད།《སྐྱེ་ཟུག》གིས་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་གཟུགས་པོ་འབྲི་བཞེངས་བྱས་པ་བརྒྱུད། བུད་མེད་ཀྱི་ཐུན་མོང་མ་ཡིན་པའི་ཆ་སྟེ། ཐུན་མོང་མ་ཡིན་པའི་ན་ཟུག་དང་ཐུན་མོང་མ་ཡིན་པའི་བྱམས་བརྩེ་སོགས་སྐྱེས་པའི་དངོས་བརྒྱུད་ཀྱིས་མྱོང་བས་ཟིན་ཐབས་བྲལ་བ་དེ་ཚོ་རྗེན་པར་བསྟན་ཞིང་། དེས་གསར་རྩོམ་གྱི་ལོ་རྒྱུས་ཁྲོད་བུད་མེད་རྩོམ་འབྲིའི་བཟློག་ཏུ་མེད་པའི་དགོས་ངེས་རང་བཞིན་དང་བུད་མེད་གསར་རྩོམ་ལ་སྐྱེས་པའི་རྩོམ་རིག་གིས་མགྲིན་ཚབ་བྱེད་ཐབས་བྲལ་བའི་རིན་ཐང་ལྡན་པ་ར་སྤྲོད་བྱས་འདུགམ་གཞི་ནས། “བུད་མེད་ཀྱི་རྩོམ་འབྲི་ནི་རྣམ་འགྱུར་ཞིག་དང་། འཇིག་རྟེན་འདི་དང་ཁ་བརྡ་བྱེད་པའི་ཐབས་ལམ་ཞིག གཟུགས་པོ་དང་བསམ་བློ་གཉིས་ཆར་བགྲོད་པའི་ཟམ་པ་རང་ཡིན་ཞིང་། དེས་ཁེར་ཚུགས་ཀྱི་མི་གཞི་དང་བསམ་པས་རྨང་གཞི་བྱས་ཐོག མངོན་པར་གསལ་བའི་བུད་མེད་འདུ་ཤེས་ཀྱི་དར་ཆ་བསྒྲེངས་ཏེ། རང་བྱུང་ཁམས་དང་གདོད་གཤིས་ལ་མི་གནོད་པའི་བདེ་ཐང་དངོས་དང་། གསོན་ཤུགས་རྒྱས་པའི་བུད་མེད་ཀྱི་ཁྱད་གཤིས་ཤིག་འཚོལ་སྙེག་བྱ་འོས་ལ། གཟུགས་པོ་ནས་མགོ་བརྩམས་ཡང་གཟུགས་པོ་ཁོ་ནར་མགོ་མི་འཁོར་བ། གཟུགས་པོ་འབྲི་བཞེངས་དེ་བསམ་པ་དང་དམ་དུ་སྦྲེལ་ནས་འཇིག་རྟེན་ཧྲིལ་པོ་རུ་བརྐྱངས་ཐུབ་པ་ཞིག་དགོས།”         

《སྐྱེ་ཟུག》ཁྲོད་ཀྱི་གཟུགས་པོ་འབྲི་བཞེངས་ནི་མི་སྣ་གཙོ་བོ “ང”ཁོ་ནའི་ཕྲུ་གུ་སྐྱེ་བའི་དངོས་བརྒྱུད་ཀྱི་མྱོང་བ་འབྲི་བ་ཙམ་པོ་མིན་པར། དེ་ནི་གནའ་དེང་གཉིས། རོང་འབྲོག་གཉིས། གྲོང་ཁྱེར་དང་གྲོང་གསེབ་གཉིས་ཆར་ཡོད་པའི་བུད་མེད“སྦྲུམ་མ”མང་པོ་ཞིག་གི་མྱོང་བ་འབྲི་བ་སྟེ། “ལྷ་ཁང་གི་ཉེ་འཁོར་དུ་སྦྲུམ་མ་གཞན་ཁག་ཅིག་ཀྱང་དལ་བ་དལ་བུས་གང་ནུས་ཀྱིས་སྐོར་བ་གསོག་བཞིན་འདུག་པ”ནི་བོད་རིགས་བུད་མེད་ཚོས་ཕྲུ་གུ་མ་སྐྱེས་བའི་སྔོན་གྱི་གྲ་སྒྲིག་དང་བསུ་མ། སྐྱབས་འཇུག་གི་དཔེར་མཚོན་དང་། “ངའི་མལ་ཁྲིའི་གཞོགས་གཡོན་དུ་ཡོད་པའི་བུད་མེད་དེ་ནི་ཁ་ཉིན་དགོང་མོར་བདེ་བླག་ངང་ཕྲུ་གུ་སྐྱེས་ཏེ་ད་ལྟའི་ཆར་ལྷོད་ཤིག་གེར་བཟའ་བཏུང་སྤྱོད་བཞིན་པ”ལྟ་བུ་ནི་བུད་མེད་ཚོས་ཕྲུ་གུ་སྐྱེས་རྗེས་ཀྱི་ལྷོད་ཆ་དང་བདེ་བའི་དཔེར་མཚོན་དུ་འགྲོ། ཡང་སྒྲུང་གཏམ་ལས། “གྲོང་གསེབ་ཁག་གི་སྦྲུམ་མར་མཚོན་ན་ཉིན་ལྟར་ཁྱིམ་ལས་ཙག་ཙིག་གིས་མགོ་གཡོགས་ཏེ་སྐྱེ་ཁར་མ་གཏོགས་ཕལ་ཆེར་ཁྱིམ་ལས་དང་འབྲལ་ཐབས་ཡོད་པ་མ་རེད། འབྲོག་ཁུལ་གྱི་བུད་མེད་ཁག་ཅིག་ལ་ཆ་བཞག་ནའང་ཞོགས་པ་རི་ལ་ཕྱུགས་རྣམས་དེད་དེ་མར་ཁྱིམ་དུ་འཁོར་དུས་ལག་ཏུ་ཕྲུ་གུ་དམར་འབྱར་ཐོགས་ཏེ་ཡོང་མཁན་ཡང་ཡོད་པར”གཞིགས་ན། སྐྱེ་ཟུག་ནི“ང”གཅིག་པུ་མིན་པར་བོད་ཀྱི་རོང་འབྲོག་བུད་མེད་ཚང་མའི་ཐུན་མོང་གི་ཟུག་གཟེར་ཐེངས་ཤིག་ཡིན་ལ། གྲོང་ཁྱེར་གྱི “ང”དང་བསྡུར་ན། གྲོང་གསེབ་དང་འབྲོག་ཁུལ་དུ་དེ་བས་སྐྱོ་ཤས་ཆེ་བའི་སྐྱེ་ཟུག་རིགས་སྣ་ཚོགས་ཡོད་པའང་དཔག་ཐུབ་ཅིང་། སྤྲོས་བརྗོད་དེས་སྐྱེ་ཟུག་དེ་མི་སྒེར་གྱི་མྱོང་བ་ནས་ཐུན་མོང་གི་ན་ཟུག་ཏུ་གཏོང་རྒྱུར་བར་སྟོང་ཕྱེ་ཡོད།

གཉིས་པ། གཟུགས་པོ་འབྲི་བཞེངས་ཁྲོད་ཀྱི་དྲོད།

སྒྲུང་ཐུང《སྐྱེ་ཟུག》ནི་ཁ་བྱང་ནང་བསྟན་པ་བཞིན་ཕྲུ་གུ་སྐྱེ་བའི་ཟུག་གཟེར་རྩལ་དུ་བཏོན་ནས་བྲིས་པ་ཞིག་ཡིན་ཡང་། “ཤི་གསོན་གྱི་བྱེ་མ་ལ་སྒང”བརྒྱུད་དེ“ལུས་ཡོངས་ཞིག་སོང་བསམ་པའི་ཟུག་གཟེར”དང“ཐོག་རྒོད་བཞིན་བཙན་ཞིང་ངར་བའི་ཟུག་གཟེར” གྱི་སྤྲོས་བརྗོད་ཀྱི་ཕྱི་ནང་གསང་གསུམ་དུ་དགུན་གཞུང་གི་ཉི་མ་ལྟ་བུའི་དྲོ་སོབ་སོབ་ཅིག་གིས་ཁེངས་ཡོད་དེ། དྲོ་སོབ་སོབ་དེ་ནི་གང་ཞེ་ན། ཚེ་སྲོག་གསར་པར་གུས་འདུད་དང་། ནང་མི་སྤུན་མཆེད་ཀྱི་བཀའ་དྲིན། ད་དུང་ཁྱོ་ཤུག་མཛའ་བའི་བརྩེ་བ་སོགས་ཚོར་ཤེས་ཀྱིས་མྱངས་ཐུབ་པ་དེ་ཚོ་ཡིན་ཞིང་། སྤྱིར་སྒྲུང་གཏམ་གྱི་ཚིག་དོན་གཉིས་སུ་ཕྱེ་བའི་རྗོད་བྱེད་ཚིག་གི་ནང་ལ་ཡང་། “བག་ཕེབས་པ”དང་། “ཉམས་དགའ་བ།” “འཇམ་པོ།” “རེ་བ།” “བྱིན་རླབས།” “བརྩེ་བ་ཆེན་པོ།” “ལྷོད་ལྷོད་པོ།” “ཞི་ལྷོད།” “འཛུམ་དམུལ་དམུལ།” “སྙིང་རྗེ།” “སྙིང་ཉེ་བ།” “དགའ་སྣང་དཔག་མེད”སོགས་དྲོད་ཚད་ལྡན་པའི་རྒྱན་མིང་དང་དངོས་མིང་གཅིག་མིན་མང་དུ་ཐོན་ཡོད་པས། སྒྲུང་གཏམ་ཧྲིལ་པོའི་ཀློག་ཁམས་དེ་མི་འཁྱག་མི་གྲང་བར་ལྡོག་སྟེ་དྲོད་འཇམ་ལྡན་པར་བཏང་བ་དང་ལྷན་དུ། གཟུགས་པོ་འབྲི་བཞེངས་ལ་དྲོ་སོབ་སོབ་ཀྱི་འགུག་ཤུགས་དང་མི་གཤིས་ཀྱི་ཆ་ཡོད་པ་བྱས་འདུག སྐྱེས་མའི་རིང་ལུགས་ཀྱི་གཞུང་ལུགས་ཉམས་ཞིབ་པ་ཞི་སུའུ་ཡིས “ངའི་ངོས་ནས་བཤད་ན། རྩོམ་འབྲི་ནི་ལྷ་ཡུལ་དུ་བགྲོད་པའི་ལམ་བུ་དང་། གཟུགས་པོ་ནི་ཏག་ཏག་དེའི་སྒོ་ཆེན་ལྟ་བུ་ཡིན”ཞེས་བཤད་ཅིང་། དེས་བུད་མེད་རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། གཟུགས་པོ་ཞིབ་འབྲི་ནི་རང་རྒྱུས་ཆེ་ཞིང་གསར་རྩོམ་གྱི་བར་སྟོང་ཆེ་བ། རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ར་སྤྲོད་བྱས་འདུག 《སྐྱེ་ཟུག》ལ་ཆ་མཚོན་ན། སྐྱེ་ཟུག་ནི་ཏག་ཏག་སྒྲུང་གཏམ་འདི་ཉིད་ལེགས་འགྲུབ་འབྱུང་བའི་གཞི་མ་དང་། “དགོས་འདོད་ཀུན་འབྱུང་འདྲ་བའི་གནས་མལ”ཆགས་ཡོད་དེ། རྩོམ་པ་པོས “ངས”ཕྲུ་གུ་མ་སྐྱེས་པའི་གོང་གི་ཞེད་སྣང་དང་རེ་སྒུག ཕྲུ་གུ་སྐྱེ་བའི་གོ་རིམ་ཁྲོད་ཀྱི་ཟུག་གཟེར་དང་བསྲན་ཚུགས། ཕྲུ་གུ་སྐྱེས་རྗེས་ཀྱི་བདེ་སྣང་དང་དགའ་སྣང་ཚང་མ་བུད་མེད་ཁོ་ན་ལ་ཡོད་པའི་སྐྱེ་ཟུག་སྤྲོས་བརྗོད་དང་དམ་དུ་འབྲེལ་ཞིང་། སྒྲུང་གི་མགོ་མཇུག་བར་གསུམ་དུ་སྐྱེ་ཟུག་ལས་འཕྲོས་པའི་ནང་སེམས་དང་ཕྱི་ལུས་གཉིས་ཀྱི་མྱོང་བས་ཁེངས་ཡོད།

མ་གཞིར་བྱས་ན། སྐྱེ་ཟུག་དེ་ནི་ཚེ་སྲོག་གསར་པ་ཞིག་གི་བསྐྱེད་འབྲས་ལྟ་བུར་མཐོང་ཆོག་ཆོག་ཡིན་པ་ལ། སྒྲུང་གཏམ་ནང་སྨན་པས“ང”ལ་སྨན་ཁང་དུ་སྡོད་ཅེས་མངགས་སྐབས། “དེའི་ཚེ་དེའི་དུས་ན་རང་ནས་གཙོས་པའི་ཟླ་བོ་དང་གཅེན་མོ། སྨན་པ་བཅས་ནས་ན་ཟུག་ཅིག་ལ་རེ་སྒུག་བྱེད་བཞིན་ཡོད་ཟེར་ན་གཏམ་འཆལ་འདྲ་བོར་སོང་ཡང་། དོན་ངོ་མར་ཐག་རིང་གི་སྙིང་ཉེ་བའི་མི་ཞིག་གིས་རང་གི་ཁྱིམ་སྒོ་ཐག་ཐག་ཏུ་བརྡུངས་པའི་སྒྲར་རེ་སྒུག་བྱེད་པ་བཞིན་སྐབས་འདིར་ཁོ་ཚོས་ཀྱང་བདག་གི་སྐྱེ་ཟུག་ལ་བསྒུགས་ནས་ཡོད”ཅེས་སྐྱེ་ཟུག་ལ་སྒུག་པ་དེ་ནི་དོན་དངོས་ཐོག “ཐག་རིང་གི་སྙིང་ཉེ་བའི་མི”ཞིག་ལ་རེ་སྒུག་བྱེད་པར་བལྟས་ཡོད་ཅིང་། སྙིང་ཉེ་བའི་ཚེ་སྲོག་གསར་པ་དེའི་ཆེད་དུ། སྨན་པས“རབ་བྱུང་ན་ལྟོ་བ་གཤགས་ན་དགའ”ཞེས་བསྐུལ་ཀྱང་། “ངས”གཤག་བཅོས་མ་བྱས་པར་ཕྲུ་གུ་བདེ་བླག་ངང་བཙའ་རྒྱུར་རེ་བ་དང་ནུས་པ་ཡོད་པའི་རྣམ་འགྱུར་བསྟན། “ང”སྨན་ཁང་དུ་བརྟག་དཔྱད་ལ་འགྲོ་སྐབས། སྨན་པས་བུད་མེད་ཅིག་ལ་ཕྲུ་གུ་འཁོར་བར་བཤད་པས། བུད་མེད་དེས “འཛུམ་ཆུང་མངོན་ཙམ་སྦས་ཙམ་གྱིས་སྨན་པའི་མངགས་གཏམ་ལ་རྣ་རྩ་བསྲིངས་ཏེ་འདུག སྣང་ཚུལ་དེས་ཁ་སང་གི་རང་ཉིད་དེ། ཚེ་སྲོག་གསར་པ་ཞིག་ལས་འབྲེལ་གྱིས་རང་གི་མངལ་དུ་ཞུགས་པ་ཤེས་ཤིང་། བརྟག་དཔྱད་ཁང་འདིའི་ནང་དུ་ཟླ་བོ་དང་ཕན་ཚུན་དུམ་ཞིག་སྨྲ་བ་མེད་པར་དབང་མེད་དུ་འཛུམ་ཤོར་བའི་སྣང་བརྙན་དག་ཀྱང་ཡིད་ལ་ཤར།” འདི་ཚོ་ལས་མཐོང་ཐུབ་པ་ནི། སྐྱེ་ཟུག་གིས་བསྐྱེད་པའི་ཞེད་སྣང་དང་འཇིགས་སྣང་སོགས་ཡོད་པ་བསྙོན་དུ་མེད་ཀྱང་། དེ་ལས་ཀྱང་མངོན་པར་གཙིགས་སུ་བཟུང་བ་ནི་ཚེ་སྲོག་གསར་པ་ཞིག་ལ་གུས་འདུད་དང་རེ་ལྟོས། དགའ་བ་སྒོམ་པ་དེ་ཡིན་ཞིང་། དེས་ནི་བུད་མེད་ཅིག་གི་བླ་ན་མཐོ་བའི་ཐོབ་ཐང་གཞན་ཞིག་སྟེ། ཨ་མ་ཞེས་པའི་དྲོད་ཚད་དང་རིན་ཐང་ལྷང་ངེར་མཚོན་ཡོད། ཚེ་སྲོག་གསར་པས་སྒྲུང་གི་ཁམས་ལ་བསྐྲུན་པའི་བརྩེ་བ་དང་དྲོད་ཁོལ་ལས་གཞན། གཅེན་མོ་དང་ཟླ་བོ་གཉིས་ཀྱིས་དེ་བཞིན་དྲོད་ཚད་ངེས་ཅན་ཞིག་བསྩལ་ཡོད་དེ། “མ་གཞི་མངལ་ཆགས་པ་ནས་བཟུང་ད་ལྟའི་བར་ནང་མི་སྤུན་མཆེད་ཀྱི་བཀའ་དྲིན་འོག་དུས་ཚོད་ཕལ་ཆེར་གོས་ཀྱི་འཇམ་ས་དང་ཟས་ཀྱི་སྣུམ་ས་བསྟེན་ཏེ་ལྷོད་ཤིག་གེར་འདུག་རྒྱུ་བྱུང”བ་དང་། “ང”ནི་ནམ་རྒྱུན་གཅེན་མོ་དང་ཟླ་བོ་གཉིས་ཀྱི་འགྲོ་རོགས་འདུག་རོགས་ལས་བྲལ་དགོས་མེད་པར་རང་ཉིད་ཀྱི་གམ་དུ་བརྟེན་ས་བརྟེན་ཡུལ་ཡོད་ཅིང་། ནང་མི་སྤུན་མཆེད་ཀྱི་བླ་མེད་གཟིགས་སྐྱོང་ལས། “ང”དང་གཅེན་མོའི་བར་གྱི་བཅོས་མིན་གྱི་ཞེ་འདང་དང་། “ང”དང་ཟླ་བོའི་བར་གྱི་ལྷད་མེད་ཀྱི་བརྩེ་དུངས་རྟོགས་ཐུབ། ཁྱིམ་བཟའ་ཚང་གི་འགྲིག་མཐུན་དང་གུས་བརྩི་ཡིས་སྐྱེས་མའི་རིང་ལུགས་ཀྱི་སྒྲུང་གཏམ་འདིའི་ཡུལ་དུས་གཉིས་ཀ་དྲོད་ལམ་མེར་བཏང་ཡོད་པས། སྒྲུང་ཐུང《སྐྱེ་ཟུག》གིས་བོད་ཡིག་གི་སྐྱེས་མའི་རིང་ལུགས་སྒྲུང་གཏམ་ཁྲོད་ཀྱི་རྒྱུན་མཐོང་གི་སྤྲོས་བརྗོད་ཐབས་ལམ་སྟེ། ཁྱོ་བོས་ཆུང་མར་གཅར་བ་དང་། བུད་མེད་མགྲིན་པ་ལྐུགས་པའི་གནས་སྟངས་སོགས་དང་ཡེ་མི་འདྲ་བར། འདྲ་མཉམ་དང་བརྩི་འཇོག བརྩེ་སེམས་ཀྱིས་ཕྱུག་པའི་སྤྲོས་བརྗོད་བྱེད་སྟངས་ཤིག་ལྷུར་བླངས་ཡོད་ཅེས་བཤད་ཆོག

གསུམ་པ། གཟུགས་པོ་འབྲི་བཞེངས་ཁྲོད་ཀྱི་ཤུགས།

《སྐྱེ་ཟུག》ནང་དུ་དྲོ་སོབ་སོབ་བྱེད་པའི་དྲོད་ཚད་ཅིག་ཡོད་པར་མ་ཟད། དེ་བཞིན་བརྟན་ཞིང་བརླིང་བའི་ཤུགས་ཚད་ཅིག་ཀྱང་ཡོད་དེ། ཤུགས་ཚད་དེ་ནི་གང་ཞེ་ན། སྙིང་སྟོབས་རིགས་ཤིག་གམ། བདེན་པ་རིགས་ཤིག སྡུག་རུས་རིགས་ཤིག ཡང་ན་རྒོད་ཅིང་ངར་བའི་ན་ཟུག་ལ་བཟོད་བསྲན་བྱེད་སྟངས་རིགས་ཤིག་ཡིན་ཞེས་ཟེར་ཆོག དྲོད་ཚད་ནང་བསྟིམས་པའི་ཤུགས་ཚད་དེས་སྒྲུང་གཏམ་འདིའི་བདེན་ཐུབ་རང་བཞིན་དང་ཡིད་འགུག་རང་བཞིན་ལ་གོམ་གང་མདུན་སྤོས་ཀྱིས་རྒྱབ་བརྟེན་དང་། སྒྲུང་གཏམ་འདིའི་རྟག་བརྟན་ཐེར་ཟུག་གི་མཛེས་དཔྱོད་སྲ་བརྟན་དུ་བཏང་ཡོད། དེ་ལྟ་བུའི་ཤུགས་ཚད་དེའི་འབྱུང་ཁུངས་གཅིག་ནི“ང”ཡི་ཨ་མ་འདས་མོ་ཆགས་ཡོད་དེ། སྒྲུང་གཏམ་ནང་དུ་ཨ་མ་འདས་མོའི་སྐོར་ཐེངས་གཉིས་ལ་ཐོན་ཡོད། ཐེངས་དང་པོ་ནི་ཕྲུ་གུ་མ་སྐྱེས་གོང་རྫོང་རྒྱབ་ཀླུ་ཁང་ནས་རྒན་རྒོན་གཉིས་དང་ཁ་བརྡ་མོལ་སྐབས་ཨ་མ་འདས་མོ་དྲན་པ་དང་། ཐེངས་གཉིས་པ་ནི་ཕྲུ་གུ་སྐྱེ་ལ་ཉེ་བའི་སྐབས་ཏག་ཏག་སྟེ། སྐབས་དེར། “བདག་གི་ཨ་མ་འདས་མོ་དེས་འཚོ་བའི་དཀའ་ཚེགས་དང་རང་གི་སྡུག་བསྔལ་ལ་མ་འཛེམ་པར་ཕྲུ་གུ་དགུ་སྐྱེས་པ་རེད། ངས་ཅིའི་ཕྱིར་ཨ་མའི་སྙིང་སྟོབས་དང་དུ་མི་ལེན། ཅིའི་ཕྱིར་ཨ་མའི་བློ་སྤོབས་ཁོག་ཏུ་མི་བཅངས། ཅིའི་ཕྱིར་ཨ་མའི་བརྩེ་བ་མགོན་སྐྱབས་སུ་མི་འབོད་བསམས།” “ང”ལ་མཚོན་ན། ཨ་མ་ནི་འཚོ་བའི་དཀའ་ཁག་དང་སྐྱེ་ཟུག་གི་མནར་གཅོད་ལ་གདོང་ལེན་དང་ཕར་རྒོལ་བྱེད་པའི་བསམ་པའི་སྟོབས་ཤུགས་སུ་གྱུར་ཡོད་ཅིང་། དཀའ་ཚེགས་དང་ཟུག་གཟེར་གྱི་མདུན་དུ། “ང”ཡི་ཨ་མ་འདས་མོ་ནི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གི་ཟོལ་གྱིས་ངའི་གཟུགས་པོའི་ནང་འཛུལ་ཡོད། ཨ་མ་འདས་མོ་དང་འདྲ་བར། “དུས་ཡུན་རིང་མོར་སྒོ་ཁར་དངངས་འཐབ་དང་རེ་བའི་བྲེལ་ཟིང་ལས་མ་ཐར་བའི་གཅེན་མོ་དང་ཟླ་བོ”གཉིས་ཀྱང“ངའི”སྟོབས་ཤུགས་ཀྱི་འབྱུང་རྩ་རུ་གྱུར་ཡོད་ལ། ཁོ་གཉིས་ཀྱི་སེམས་ཚེགས་དང་ངང་སྒུག་གིས་ང་ལ་ངར་ཤུགས་བསླངས་ཡོད།

སྒྲུང་གཏམ་འདིར་ཕྲུ་གུ་སྐྱེ་སྐབས་ཀྱི་སྡུག་བསྔལ་ཆེན་པོ་སྟེ། བུད་མེད་ཅིག་གི་དངོས་བརྒྱུད་ཀྱི་མྱོང་ཚོར་ལ་བརྟེན་ནས་མོ་རང་ཚོའི་གཟུགས་པོའི་ངར་ཤུགས་དང་བཟོད་བསྲན་གྱི་ནུས་པ། བུད་མེད་ཀྱི་གཟུགས་པོའི་སྟེང་གི་ཐུན་མིན་གྱི་ན་ཟུག་ནས་ནང་སེམས་ཀྱི་ཟུག་གཟེར་བར་མངོན་གསལ་དོད་པོར་བྲིས་ཡོད། “ཕྲུ་གུ་སྐྱེ་ཐེངས་རེར། ཤི་གསོན་གྱི་བྱེ་མ་ལ་སྒང་ལ་ཐེངས་རེ་འགྲོ་དགོས་པའི”སྡུག་བསྔལ་དེ་ནི་བུད་མེད་ཅིག་གི་གཟུགས་པོའི་ཐེག་རྒྱུ་ལས། གཞན་སུས་ཀྱང་ཐེག་པ་དང་བཟོད་པའི་གླགས་སྐད་ཅིག་མེད། རྩོམ་པ་པོས་སྐྱེ་ཟུག་གི་མྱོང་བ་དེ་ཞིབ་ཕྲ་དང་གསོན་ཉམས་དོད་པོར་བྲིས་ཡོད་པས། བཀླགས་པའི་ཚེ་ན་སྐྱེ་ཟུག་ཐེངས་ཤིག་དངོས་སུ་མྱོང་བ་ལྟ་བུའི་ཞེད་སྣང་དང་དངངས་འཚབ་སྟེར་ཅིང་། དེ་ནི་ཏག་ཏག་གཟུགས་པོ་འབྲི་བཞེངས་ཁྲོད་བག་ལ་ཉར་བའི་ཤུགས་ཚད་དེ། ངར་ཤུགས་དེས་སྒྲུང་གི་ཀློག་ཁམས་ཧྲིལ་བོར་ན་ཟུག་དང་འཁུན་སྒྲ་ཡོང་ཐུབ་པ་བཟོས་འདུག སྐྱེ་ཟུག་ཞིབ་འབྲི་དང་འབྲལ་ཐབས་མེད་པ་ནི་མངོན་སུམ་འཛེམ་མེད་དང་ཕྱི་གསལ་ནང་གསལ་གྱི་གཟུགས་པོ་འབྲི་བཞེངས་ཏེ། “ཐོག་མའི་ན་ཟུག་ལྷང་ལྷང་དེའང་རིམ་གྱིས་ཟས་ཉེས་བྱུང་བ་ལྟ་བུའི་ན་ཟུག་ཏུ་གྱུར་པས་ག་ལེར་ཙོག་པུར་མི་སྡོད་ཀ་མེད་བྱུང་།” “གསང་ལམ་ནས་རྒྱུན་གཏན་མ་ཡིན་པའི་གཤེར་ཁུ་འཛག་ཡོད་མེད།” “རྒྱུན་རིང་བའི་ན་ཟུག་དེར་ད་ནི་སེམས་གཏིང་ནས་སུན་སྣང་དང་ཁོང་ཁྲོ་སྐྱེས་ཏེ། དབུགས་ཀྱི་རྒྱུ་བ་བཀག་གང་ཐུབ་དང་། ཡ་སོ་དང་མ་སོ་བརྡར་གང་ཐུབ་དང་། ལག་པས་མལ་སྟན་ལ་བཙིར་གང་ཐུབ་དང་། རྐང་པས་ཉལ་གཞུག་གི་ལྕགས་ཧྲེང་དེར་འབུད་གང་ཐུབ་བྱས་ནས་རྒོད་ཅིང་ངར་བའི་ན་ཟུག་དེ་ལུས་པོའི་ཆ་ཤས་གཞན་གྱི་སྟེང་དུ་དེད་པའམ་བགོ་བཤའ་ཡོང་ཐབས་བྱས།” “ཟུག་གཟེར་གྱིས་ལུས་ཡོངས་ཞིག་སོང་བསམ་པ།” ད་དུང་སྐྱེ་ཁང་དུ་འཛུལ་རྗེས “ཉལ་ཁྲིའི་ཐོག་ཏུ་མར་ཉལ་རྗེས་དོར་མ་ཕུད་དེ་བརླ་བགྲད་བགྲད་དུ་སྡོད་པ”དང་། “བཙན་ཞིང་ངར་བའི་ཟུག་གཟེར་ཞིག་ཐོག་རྒོད་ལྟར་གློ་བུར་དུ་ཕོག་བྱུང་བས་དབང་མེད་དུ་བཙིར་སྐད་ཤོར་ཞིང་། བསམ་དབང་དྲན་དབང་མེད་པར་དྲི་ཆུ་ཡང་སྨན་པའི་གྱོན་པར་ཐོར།” འདི་ལྟ་བུའི་བུད་མེད་ཀྱི་ཐུན་མོང་མིན་པའི་གཟུགས་པོའི་ཆ་ཤས་ཀྱི་ན་ཟུག་འབྲི་བཞེངས་བྱས་པ་བརྒྱུད། བུད་མེད་ཀྱི་ནང་སེམས་ཀྱི་ཟབ་སར་ཉལ་བའི་རང་ཉིད་ཀྱི་སྐད་སྒྲ་དང་རང་ཉིད་ཀྱི་གསང་བ་རྣམས་ངོ་ཚ་ཁ་སྐྱེངས་མེད་པར་བདེན་པ་བདེན་རྐྱང་ངང་བསྟན་ཡོད་ཅིང་། དེ་ནི“མོའི་ཤ་ཁྲག་གི་ཕུང་བོ་ཡིས་བདེན་པ་བཤད་པ་དང་། རང་ཉིད་ཀྱི་ནང་སེམས་གསལ་རྗེན་དུ་སྟོན་བཞིན་པ་ཡིན་ལ། དོན་དངོས་ཐོག མོས་རང་ཉིད་ཀྱི་གཟུགས་པོ་བརྒྱུད་ནས་རང་གི་བསམ་ཚུལ་མཐོང་རྒྱུ་ཡོད་པར་བཏང་བ་དང་། མོས་རང་ཉིད་ཀྱི་གཟུགས་པོར་བརྟེན་ནས་རང་གི་བསམ་བློ་ཕྱིར་བཏོན་པའང་རེད།” 《སྐྱེ་ཟུག》ལས“ངའི”ཕྱིའི་ལུས་ཕུང་དང་ནང་གི་བསམ་པ་གཉིས་ཐོག་གི་གསང་བ་དམར་རྗེན་དུ་བཏོན་ནས་ཞིབ་ཅིང་ཕྲ་བའི་སྐྱེ་ཟུག་གི་སྤྲོས་བརྗོད་ལ་བརྟེན་ནས། བུད་མེད་ཀྱིས་བུད་མེད་ཀྱི་གཟུགས་པོ་འབྲི་བཞེངས་བྱེད་པ་དང་། བུད་མེད་ཀྱིས་བུད་མེད་ཀྱི “ན་ཟུག”འབྱིན་ཐབས་བྱས་ཡོད་ལ། དེ་ནི་ཕ་དབང་སྤྲོས་བརྗོད་ཀྱིས་ཟིན་ཐབས་མེད་པའི་གསང་བ་དང་། སྐྱེས་མའི་རིང་ལུགས་ཀྱི་རྩོམ་འབྲིའི་དམིགས་བསལ་ཁྱད་ཆོས་ཀྱང་ཡིན།

མཇུག་སྡུད་པ།

སྐྱེས་མའི་རིང་ལུགས་ཀྱི་མཐོང་སྣེ་ནས་བོད་ཡིག་སྒྲུང་གཏམ་ནང་ཕྱིར་རྟོག་བྱས་པ་ཡིན་ན། སྒྲུང་ཐུང《སྐྱེ་ཟུག》ནི་བོད་ཡིག་སྒྲུང་གཏམ་ཁྲོད་མི་གླེང་ཐབས་མེད་ཀྱི་སྒྲུང་གཏམ་ཞིག་ཏུ་བལྟ་འོས་ལ། བྱ་དགའ་ཨང་དང་པོ་ཐོབ་པའི་རིན་ཐང་དེ་ཡང་རྩོམ་མཁན་སྐྱེས་མ་ཞིག་ཡིན་པ་ཙམ་ལས་འགོངས་ཏེ། བརྩམས་ཆོས་རང་སྟེང་གི་ཐུན་མོང་མིན་པའི་རྩོམ་རིག་རིན་ཐང་དང་མཛེས་དཔྱོད་རིན་ཐང་གིས་ཡིན་པར་སྙམ། ལྷག་པར་དུ། སྒྲུང་གཏམ་འདིའི་བུད་མེད་འབྲི་བཞེངས་ནས་གཟུགས་པོ་འབྲི་བཞེངས་བར་གྱི་ཕུན་སུམ་ཚོགས་པའི་ཞིབ་འབྲི་དང་སྤྲོས་བརྗོད་ཀྱིས་བོད་ཡིག་གི་སྐྱེས་མའི་རིང་ལུགས་ཀྱི་སྒྲུང་གཏམ་གསར་རྩོམ་ཁྲོད་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྟགས་མཚན་ཞིག་བསླངས་ཡོད་དེ། སྦྲུམ་མ་ཞིག་གི་ཕྲུ་གུ་སྐྱེ་བའི་གོ་རིམ་ཁྲོད་ཀྱི་ལུས་ཕུང་དང་ནང་སེམས། དགའ་སྣང་དང་ཞེད་སྣང་། ན་ཟུག་དང་བཟོད་བསྲན། ཚོར་ཤེས་དང་བདེན་ཤེས། གཉོམ་སོ་དང་སྟོབས་ཤུགས་སོགས་རྒྱུ་གཉིས་ལྟོས་ཟླའི་ཕུང་བོ་ཞིག་འགྲུབ་ཐབས་བྱས་འདུག མདོར་ན། སྒྲུང་ཐུང《སྐྱེ་ཟུག》གིས་གཟུགས་པོ་འབྲི་བཞེངས་ཁྲོད་ཀྱི་དྲོད་ཚད་དང་ཤུགས་ཚད་ཟུང་དུ་འབྲེལ་བ་བརྒྱུད། བླ་ན་མཐོ་བའི་བུད་མེད་ཅིག་གི་རྩིས་ཐང་དང་མཛེས་པ་རྣམས་ཐང་མར་བཀྲམས་འདུག

རྩོམ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི2024ལོའི་ཞིབ་འཇུག་སློབ་མའི་ཚན་ཞིབ་ལག་ལེན་རྣམ་གྲངས“བོད་ཀྱི་གོ་རབས་པའི་རྩོམ་པ་པོའི་གསར་རྩོམ་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་དོན་བརྗོད་ཞིབ་འཇུག”(རྣམ་གྲངས་ཨང་རྟགས SZKY2024120)གི་གནས་སྐབས་དཔྱད་འབྲས་སུ་གཏོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号