རྡུལ་ཕྲན་མཁར། མེ་ཏོག་གིས་ཡོངས་སུ་བརྒྱན་པའི་རྩྭ་ཐང་།

ཟི་ལིང་ནས་ཙོང་ཆུ་ལུང་བའི་འགྲམ་བརྒྱུད་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ལམ་བུར་སྐྱོད་ཚེ། དེ་ནི་མཐའ་མི་མངོན་པའི་སྔོ་ལྗང་གི་སྤང་ལྗོངས་ཤིག་ཡིན་པ་དང་། མཐོ་ཞིང་བརྗིད་པའི་མདོ་ལ་རི་རྒྱུད་ཀྱིས་མཐའ་ནས་བསྐོར་བ་དང་། ཁོད་མི་སྙོམས་པའི་རི་བོའི་མུ་ཁྱུད་གཅིག་རྗེས་གཉིས་མཐུད་དུ་འབྲེལ་ཞིང་། སྔོ་ཞིང་བསངས་པའི་ནམ་མཁའི་འོག་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ན་ཁ་དང་རྩྭ་ཐང་གིས་མཐོང་ལམ་སྒྲིབ་པར་བྱེད་ལ། མཛེས་ཤིང་སྡུག་པའི་མེ་ཏོག་རི་ཀླུང་གང་སར་ཁྱབ་འདུག 

ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གསལ་ལ་མི་གསལ་བའི་བཟོ་ཁང་དང་བཙན་རྫོང་རིགས་ཀྱི་བཟོ་བཀོད་དག་མཐོང་བ་ན། ཁ་ལོ་བ་ལི་ཧའེ་ཆིང་གིས་དེ་ནི་ལོ་བཅུ་ཕྲག་ཁ་ཤས་གོང་རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་མདེལ་གཉིས་སྐར་གཅིག་གི་རྟེན་གཞི་ཡིན་ཞིང་མི་ཚང་མས་དེར“རྡུལ་ཕྲན་མཁར”ཞེས་བརྗོད་ཀྱི་ཡོད་པར་བཤད། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་དྲིལ་བསྒྲགས་པུའི་ལས་བྱེད་པ་མཱ་ཧྥུའུ་མིན་ནི་ས་གནས་འདིའི་མི་ཡིན་པ་དང་། ཁོང་གིས་ཉིང་རྡུལ་ཚོད་ལྟ་བྱ་ཡུལ་གྱི་རྟེན་གཞི་རྙིང་པ་ནི1958ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་ཞང་དུ་བསྐྲུན་པ་དང་། སྐབས་དེར་ཀྲུང་གོ་གསར་བའི་ཆེས་ཕུལ་དུ་བྱུང་བའི་ཚན་རིག་པས་རང་མིང་གསང་ནས་དཀའ་ངལ་ཡོད་ཚད་ཁྱད་བསད་བྱས་ཏེ་འཛམ་གླིང་ལ་ཧ་ལས་དགོས་པའི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་ལེགས་འགྲུབ་བྱུང་བ་རེད། དུས་རབས་གོང་མའི་ལོ་རབས90བའི་སྔ་རྗེས་སུ་ཉིང་རྡུལ་རྟེན་གཞི་ཕྱིར་འཐེན་བྱས་ཤིང་། ད་ལྟ་དེ་གར་ས་གནས་དེ་གའི་འབྲོག་ར་ཡག་ཤོས་སུ་སླར་གསོ་བྱུང་བ་དང་རྗེས་ཤུལ་དེ“རྡུལ་ཕྲན་མཁར་གྱི་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིར”བསྐྲུན་ཡོད་པར་བཤད། 

ཉིང་རྡུལ་མཚོན་ཆའི་རྟེན་གཞིའི་ཁྲོད་ཀྱི་འབར་གས་ཚོད་ལྟ་བྱ་ཡུལ་དུ་སླེབས་སྐབས། པར་རིས་རྩ་ཆེན་ཞིག་དང་། ས་མཁར་ནང་གི་སྟབས་བདེའི་སྒྲིག་ཆས། ཨར་འདམ་ལྕགས་རྩིབས་ཀྱི་གྱང་ལྡེབས་ཀྱི་རྡབ་རྡིག་རྗེས་ཤུལ་ཟབ་མོ་བཅས་མངོན་པར་སེམས་འགུལ་ཚད་མེད་ཐེབས་ཤིང་དད་གུས་དབང་མེད་ཤོར། རྒྱང་རིང་ནས་བལྟས་ཚེ། རྩྭ་ཐང་སྟེང་ནོར་ནག་བཀྲམ་ཡོད་ཅིང་རྒྱང་རིང་གི་རི་ངོས་སུ་གཡང་དཀར་གྱི་ལུག་ཁྱུས་རྩྭ་ཟ་བ་མཐོང་ལ། འབྲོག་པའི་རྟ་ཐོག་གི་སྙན་འཇེབས་ལྡན་པའི་གླུ་སྒྲ་ཡང་ཐོས་ཡོང་། 

མཱ་ཧྥུའུ་མིན་གྱིས་སྤོབས་པ་ཆེན་པོས་བཤད་རྒྱུར། ས་ཆ་འདིར་གནའ་བོའི་མིང་ཞིག་ཡོད་དེ། གསེར་དངུལ་ཐང་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་རྩྭ་ཐང་དུ་གསེར་མདོག་གི་སྤེན་ནག་དང་དངུལ་མདོག་གི་སྤེན་དཀར་ལྟ་བུའི་རི་སྐྱེས་མེ་ཏོག་བཞད་པས་དེ་ལྟར་ཐོགས་པ་ཡིན། ནུབ་རྒྱུད་ཀྱི་གླུ་རྒྱལ་ཝང་ལའོ་པིན་གྱིས་གནས་འདི་རུ་ཀུན་གྱིས་དགའ་བསུ་ཐོབ་པའི་དཔེ་མཚོན་གླུ་གཞས《རྒྱང་ཐག་རིང་བའི་ས་དེ་ན།》ཞེས་པ་བྲིས་པ་རེད།  

གསེར་དངུལ་ཐང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1100ལྷག་ཙམ་ཡོད་ལ། དེ་ནི་རྒྱལ་ནང་གི་མཛེས་སྡུག་ལྡན་པའི་རྩྭ་ཐང་གི་གྲས་ཤིག་རེད།  རྡུལ་ཕྲན་མཁར་གྱིས་ལྐོག་གྱུར་གྱི་གདོང་ཁེབས་མེད་པར་བཟོས་རྗེས། དེ་ནི“མདོ་ལ་རི་འདབས་ཀྱི་འབྲོག་ར་ཡག་ཤོས”སུ་གྱུར། སོག་པོ་དང་། བོད་རིགས། ཧུའེ་རིགས། ཧོར་རིགས། རྒྱ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་འདི་གར་ཕྱུགས་འཚོ་བཞིན་ཡོད་པ་དང་ནས་བཏབ་ནས་མི་རིགས་མང་པོ་མཉམ་སྡོད་དང་འཆམ་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་ལྗོངས་རྣམ་ཞིག་བསྐྲུན་ཡོད། 

སྙན་ངག་དང་འཆར་ཡན་གྱིས་ཕྱུག་པའི་རྡུལ་ཕྲན་མཁར་གྱི་སྙན་གྲགས་ཀྱིས་ཡུལ་སྐོར་བ་མང་བོ་བཀུག་ནས། རྒྱལ་ལམ315ཡི་འགྲམ་དུ་བོད་སོག་གི་ཉམས་འགྱུར་ལྡན་པའི་གླིང་ག10ལྷག་གི་སྦྱིན་བདག་ཚང་མས་སྤྲོ་སེམས་འཁོལ་བོས་མགྲོན་པོ་བསུ་བཞིན་ཡོད། དུས་བཞིའི་སྙན་གླུ་གླིང་གི་སྦྱིན་བདག་རིག་འཛིན་མཚོས་སྲིད་གཞུང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་ཤུགས་ཆེན་བཏང་བར་བརྟེན། ཟ་མ་ཟ་ས་དང་། རྟ་བཞོན་ས། མདའ་འཕེན་ས། གླུ་གཞས་འགྲན་སྡུར་སོགས་རྩྭ་ཐང་གི་རྣམ་གྲངས་ཧ་ཅང་མང་བས། ཡུལ་སྐོར་བ་མང་བའི་དུས་སུ་སྒོར་ཁྲི10ལྷག་བཙལ་ཐུབ་ཟེར།  

མཚོ་སྔོན་པོ་ཡུལ་ཚོ་རུ་མཚོ་སྔོན་པོའི་རྩྭ་ཆུ་དང་འབྲོག་ལས་གཙོ་བོར་བསྟེན་པའི་མི་གྲངས3135ཡོད་ལ། 2016ལོར་དབུལ་ཐར་ཐུབ་ནས་ན་ནིང་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི2.31ཟིན་ཡོད་པ་རེད། ཞང་དཔོན་ཀླུ་འབུམ་སྐྱབས་ཀྱིས་བཤད་རྒྱུར། རྡུལ་ཕྲན་མཁར་རྩྭ་ཐང་སྤུས་ལེགས་ཤིག་ཏུ་གྱུར་ནས་རྒྱལ་ཁབ་ཀྱིས་ཡང་བསྐྱར་རྩྭ་ཐང་དང་མཉམ་ལས་སྨན་བཅོས་ཁ་གསབ་སོགས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་ཡོད། འབྲོག་པ་རྣམས་ཀྱི་འཚོ་བ་ཧ་ཅང་སྐྱིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号