ཆོས་དབྱིངས་སྐྱིད། ཁྱེད་ནི་ནམ་ཡང་ཕ་ཡུལ་མི་དམངས་ཀྱི་གཟི་བརྗིད་ཡིན།

པེ་ཅིང་གི་དུས་ཚོད་ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད13དང་སྐར་མ30སྟེང་། ཧྥ་རན་སིའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཉིན་མོ12པ་བསུས་ཤིང་། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ལེན་མཁན་ཏེ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཐེངས་བཞི་བར་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ལངས་ནས་རུ་མི་དང་ལག་གདང་སྦྲེལ་ཏེ་སྤྱི་ལེ42.195ཡི་མ་ལ་སུང་འདུར་རྒྱུག་གི་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་ལ་ཞུགས།


ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་པའི་ཆོས་དབྱིངས་སྐྱིད་ཀྱི་མཚན་སྙན་དེ་ཀྲུང་གོའི་ལུས་རྩལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དེབ་ཐེར་ཐོག་སྔ་མོ་ནས་བཀོད་ཡོད་ལ། ཁོ་མོ་འགྲན་སྡུར་ལ་ཞུགས་ཐེངས་རེ་རེར་མི་གང་མང་ཞིག་གིས་རེ་བ་དང་ཕུགས་འདུན་བཅངས་བཞིན་ཡོད།    

ཉིན་དེའི་འགྲན་སྡུར་མགོ་མ་བརྩམས་གོང་། ཆོས་དབྱིངས་སྐྱིད་ཀྱི་གཉེན་ཉེ་དང་ཡུལ་མི་ཚོས་མི་རིགས་ཀྱི་རྒྱན་གོས་གོན་ནས་ཆོས་དབྱིངས་སྐྱིད་ཀྱི་ཕ་ཡུལ་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བར་ཡོང་ནས་ཆོས་དབྱིངས་སྐྱིད་ཀྱི་ནང་མི་དང་མཉམ་དུ་འགྲན་སྡུར་གྱི་ཐད་གཏོང་ལ་བལྟས་ནས་ཆོས་དབྱིངས་སྐྱིད་ལ་ངར་ཤུགས་དང་གསོན་ཤུགས་བསྩལ།

འགྲན་སྡུར་མ་བྱས་གོང་། ཆོས་དབྱིངས་སྐྱིད་ཀྱི་ནང་མིས་ཁོ་མོས་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ལོན་ཆེད་གནས་རི་གང་མང་ཞིག་དུ་སོང་ནས་སྨོན་ལམ་བཏབ་ལ།  ཆོས་དབྱིངས་སྐྱིད་ཀྱི་ཨ་ཕ་མགོན་པོ་རབ་བརྟན་གྱིས“བུ་མོ་འགྲན་སྡུར་ལས་བདེ་བླག་དང་བདེ་ཐང་ངང་ཕྱིར་ཡོང་ནས་ཁྱིམ་དང་ལྷན་འཛོམས་བྱེད་པའི་རེ་བ་ཡོད”ཟེར།    

“དེ་རིང་ཁྱིམ་དུ་འགྲུལ་བ་མང་པོ་ཡོང་ནས་བུ་མོའི་འགྲན་སྡུར་ལ་རྟེན་འབྲེལ་དང་ཁ་གཡང་གང་མང་བོས། ང་རང་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་དང་ཆབས་ཅིག ང་ཚོ་རང་གི་བུ་མོར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོདཅེས་ཆོས་དབྱིངས་སྐྱིད་ཀྱི་ཨ་མ་བསོད་ནམས་སྐྱིད་ཀྱིས་ཧ་ཅང་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བཤད།

མ་ལ་སུང་འདུར་རྒྱུག་གི་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་གསར་དུ་བཙུགས་པའི་རྣམ་གྲངས་ཤིག་ཡིན་པ་དང་། རྣམ་གྲངས་དེས་སྲོལ་རྒྱུན་གྱི་འགྲན་སྡུར་དང་མཐུད་རྒྱུག་འགྲན་སྡུར་གྱི་ཁྱད་ཆོས་ཟུང་འབྲེལ་བྱས་ནས། ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་སྡུར་གྱི་སྣ་མང་རང་བཞིན་དང་ལྟད་མོའི་རང་བཞིན་མཐོ་རུ་བཏང་ཡོད།

ཐེངས་འདིར། ཕ་ཡུལ་མཚོ་བྱང་རྩྭ་ཐང་ནས་ཐོན་པའི་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཞུམ་པ་མེད་པའི་བློ་སྟོབས་དང་འགྱུར་བ་མེད་པའི་དད་སེམས་ལ་བརྟེན་ནས་དཔུང་རོགས་དང་ལག་གདང་སྦྲེལ་ཏེ་སྤྱི་ལེ42.195ཡི་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་ལ་ཞུགས་ཤིང་། བྱ་དགའ་ལེན་པའི་སྟེགས་བུའི་སྟེང་རེ་ཞིག་ལངས་མ་ཐུབ་མོད། ཆོས་དབྱིངས་སྐྱིད་ཀྱིས་སྔར་བཞིན་ཧུར་བརྩོན་གྱི་སེམས་ཁམས་དང་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁོ་མོའི་རྩལ་ནུས་མངོན་ཡོད།

ཆོས་དབྱིངས་སྐྱིད། 90སྟོད་ཀྱི་བོད་རིགས་བུ་མོ་འདིས། ཕུགས་བསམ་རྒྱུན་འཁྱོངས་ཀྱི་ཆོད་སེམས་ལ་བརྟེན་ཏེ་ཕ་ཡུལ་གྱི་རྩྭ་ཐང་ནས་ལམ་ལ་ཆས་ཤིང་འཛམ་གླིང་གི་ཡང་རྩེར་བྱོན། ལོ་ངོ་བཅུ་ལྷག་གི་ལུས་རྩལ་འཚོ་བའི་ཁྲོད། ཁོ་མོས་རང་རེའི་རྒྱལ་ཁབ་ལ་གསེར་གྱི་རྟགས་མ་བླངས་པ་མ་ཟད་ང་ཚོ་མཚོ་སྔོན་གྱི་ས་ཆ་འདི་ལའང་ཚད་མེད་ཀྱི་གཟི་བརྗིད་བསྣན་ཡོད་ཅིང་། ད་ལྟའང་སྔར་བཞིན་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་བུད་མེད་འདུར་རྒྱུག་ལུས་རྩལ་པ་ཞིག་ཡིན་ལ་སྔར་བཞིན་ང་ཚོ་ཚང་མའི་མིག་དཔེ་ཡང་ཡིན། 

ཆོས་དབྱིངས་སྐྱིད། ཁྱོད་ཀྱིས་ཕ་ཡུལ་མི་དམངས་ཀྱི་བརྩེ་བ་དང་ཐུགས་ཁུར་སེམས་སུ་བཅངས་ནས་མུ་མཐུད་དཔའ་ངར་ཆེན་པོས་ཉིད་ཀྱི་ཕུགས་བསམ་གྱི་རྐང་ལམ་རིང་མོར་བགྲོད་རོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号