མཚོ་བྱང་ཁུལ་གྱིས་གནས་སྦྱར་ལས་བྱེད་པའི་ཐུན་མོང་གླེང་མོལ་ཚོགས་འདུ་འཚོགས། 

ཟླ3པའི་ཚེས20ཉིན། མཚོ་བྱང་ཁུལ་གྱིས་ཚོགས་སྒྲིག་རྣམ་པའི་གནས་སྦྱར་ལས་བྱེད་པའི་ཐུན་མོང་གླེང་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་སླེབས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཕུལ་བྱུང་ན་གཞོན་ལས་བྱེད་པ་མཚོ་བྱང་དུ་ཚོགས་སྒྲིག་རྣམ་པའི་གནས་སྦྱར་བྱེད་པར་འདེམས་གཏོང་བྱས་པ་དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་མཚོ་བྱང་བྱ་བར་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། གནས་སྦྱར་ལས་བྱེད་པ་མཚོ་བྱང་དུ་གནས་སྦྱར་བྱེད་དུ་ཡོང་སྐབས་ཐོག་མར་མཚོ་བྱང་གི་ཁྱད་ཆོས་དང་མཚོ་བྱང་གི་ལེགས་ཆ་གང་དུ་ཡོད་པ་གསལ་པོ་ཤེས་དགོས། མཚོ་བྱང་ནི་ཞིང་ཆེན་ཡོངས་དང་ཐ་ན་ནུབ་བྱང་ས་ཁུལ་གྱི"སྙིང་སྟོབས་ཀྱི་བཙན་ས"དང་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན། སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གལ་ཆེན། ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་ས་བཅས་ཡིན་པ་དང་། མི་རིགས་མང་པོ་དང་རིག་གནས་སྣ་མང་འདུས་ས་ཡིན་ལ། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་རེ་བས་ཁེངས་པའི་འཕེལ་རྒྱས་ཀྱི་ས་གཞི་དྲོན་མོ་ཞིག་ཡིན། མིག་སྔར། མཚོ་བྱང་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། "243"འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པ། "མཚོ་བྱང་ལྔ"ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པ་དང་། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དུས་ལ་ཁེལ་ཡོད་པས། འདི་དག་ཚང་མས་ལས་སྒྲུབ་ལས་གཏོད་ལ་གོ་སྐབས་བཟང་པོ་དང་གར་སྟེགས་རྒྱ་ཆེན་པོ་མཁོ་འདོན་བྱས་ཡོད་པས་མཚོ་བྱང་དུ་གནས་སྦྱར་བྱེད་དུ་ཡོང་མཁན་གྱི་ན་གཞོན་ལས་བྱེད་པས་གྲུབ་འབྲས་གསར་པ་ཞིག་གཏོད་ཐུབ་པ་དང་བྱས་རྗེས་གསར་པ་ཞིག་མངོན་ཐུབ་པའི་ཡིད་ཆེས་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གནས་སྦྱར་ལས་བྱེད་པས་རང་ཉིད་ཀྱིས་གང་བྱེད་དགོས་པ་དང་ཇི་ལྟར་བྱེད་དགོས་པ་གསལ་པོ་ཤེས་དགོས། ཐེངས་འདིའི་གནས་སྦྱར་སྦྱོང་བརྡར་གྱི་གོ་སྐབས་ལ་གཅེས་སྤྲས་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལྟར་རང་འགུལ་ངང་མཚོ་བྱང་དང་མཉམ་འདྲེས་བྱེད་པ། མཚོ་བྱང་ལ་བརྩེ་སེམས་བཅངས་པ། མཚོ་བྱང་དུ་རྩ་བ་ཚུགས་པ་བཅས་བྱས་ནས་མཚོ་བྱང་དང་མཉམ་དུ་འཕེལ་རྒྱས་དང་འཚར་ལོངས་ཡོང་བར་བྱེད་དགོས་ཏེ། གཅིག་ནས་སློབ་སྦྱོང་ལ་ཤུགས་སྣོན་དགོས། “སློབ་སྦྱོང་སྟོབས་ལྡན་རྒྱལ་ཁབ”ཀྱིAPPདང་གཞུང་ཕྱོགས་ཀྱི་གཙོ་ཆེའི་དྲ་ཚིགས་སོགས་དྲ་ཐོག་དང་ཡིག་ཆ། ཚགས་པར་སོགས་དྲ་ཕྱི་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་དང“ཚོགས་ཆེན་གཉིས”ཀྱི་དགོངས་དོན་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་བྱས་ནས“གཞི་རིམ་དུ་བསྐྱོད་པ་བཞི”མང་ཚོགས་ལམ་ཕྱོགས་སུ་བསྐྱོད་རྒྱུར་རྒྱུན་འཁྱོངས་བྱས་ཏེ་སྦྱང་པ་གོ་ཆོད་དང་བཀོལ་སྤྱོད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། སྦྱོང་སྤྱོད་ཟུང་འབྲེལ་བཅས་བྱེད་དགོས། གཉིས་ནས་གང་མགྱོགས་སྒོས་མཉམ་འདྲེས་ཐུབ་པ་བྱེད་དགོས། ཁུལ་དང་རྫོང་གི་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་བྱ་བའི་ཁོར་ཡུག་ལ་རྒྱུས་མངའ་ལོན་པར་བྱས་ནས་དུས་ཚོད་ཐུང་ངུའི་ནང་གནས་བབ་ལ་འགྱུར་ལྡོག་བཏང་སྟེ་བྱ་བའི་རྣམ་པ་གཏོད་དགོས། རང་འགུལ་ངང་འགལ་ཟླ་ཆེ་ཤོས་དང་ཆ་རྐྱེན་ཞན་ཤོས། དཀའ་ངལ་ཆེ་ཤོས་བཅས་ཀྱི་གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་རྒྱུས་ལོན་བྱས་ནས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་བློ་སྟོབས་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་སྲོལ་རྒྱུན་དང་ཉམས་མྱོང་བཟང་པོ་སྣེ་ཁྲིད་བྱེད་པ། མཚོ་བྱང་གི་དགོས་མཁོ་དང་མཉམ་ལས་བྱ་བ་ཇེ་ཡག་དང་བྱ་བའི་བརྗེ་རེས་ཟབ་ཏུ་བཏང་ནས་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་དུ་ཐོབ་པར་བྱེད་དགོས། གསུམ་ནས་རང་གཅུན་ནན་མོ་བྱེད་དགོས། རྩ་འཛུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ནས་སྡེ་ཁག་གི་མགོ་ཁྲིད་གཙོ་བོས་ལས་བགོས་འགན་འཁུར་གྱི་བྱ་བ་དམ་འཛིན་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱ་ཐབས་ལ་བརྩི་སྲུང་ནན་མོ་བྱེད་པ། རང་བཀུར་རང་བརྟག་དང་རང་ཟོན་རང་སྐུལ། གཟབ་ནན་རྣལ་མ། མགོ་མཇུག་མཉམ་གཟབ་བཅས་བྱས་ནས་གནས་སྦྱར་ལས་བྱེད་པས་ལྷག་བསམ་རྣམ་དག་གིས་འགན་འཁུར་བ་དང་རང་གཅུན་ནན་མོ་བྱེད་པའི་སྣང་བརྙན་བཟང་པོ་བསྐྲུན་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་སྦྱོང་བརྡར་འཚར་ལོངས་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་གནས་སྦྱར་ལས་བྱེད་པར་སེམས་ཁུར་དང་དོ་ཁུར་བྱས་ནས་དུས་བཀག་ལྟར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཚང་མའི་བསམ་འཆར་དང་གྲོས་གཞིར་ཉན་པ། འགན་ལེན་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་སྟེ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་ཏན་ཏིག་བྱས་ནས་གནས་སྦྱར་ལས་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་ཏེ་ཚང་མས་བློ་བདེ་ངང་བྱ་བ་སྒྲུབ་ཐུབ་པའི་རེ་བ་བཏོན། 

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན། ཁུལ་ཨུའི་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་དང་། ཚོགས་སྒྲིག་རྣམ་པའི་གནས་སྦྱར་ལས་བྱེད་པ་ཚོགས་འདུར་ཞུགས། གནས་སྦྱར་ལས་བྱེད་པ་བརྒྱད་ཀྱིས་གཏམ་བཤད་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号