མཚོ་བྱང་ཁུལ་གྱིས་ཡོམ་འགོག་གེགས་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་ཚོགས། ཤ་བོ་སྐྱབས་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།


ཀན་སུའུ་ག་ཅུ་ཁུལ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཇུ་ལག་རྫོང་དུ་ཡོམ་འགོག་གེགས་སེལ་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་འབྲེལ་ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། འཇུ་ལག་རྫོང་མཁོ་བསྟུན་བཀོད་འདོམས་ལྟེ་གནས་སུ་ཁུལ་ཡོངས་ཀྱི་ཡོམ་འགོག་གེགས་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་བྱས། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ག་ཅུ་ཁུལ་ཆུ་མ་མཁར་རྫོང་ལ་བྱུང་བའི་རིམ་པ6.2ཅན་གྱི་ས་ཡོམ་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་དོན་འཁྱོལ་བྱས་པ་དང་། ཧྲུའུ་ཅི་ཁྲིན་ཀང་དང་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཉེ་དུས་ཀྱི་ཡོམ་འགོག་གེགས་སེལ་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཛ་དྲག་བཀོད་གཏོང་བཀོད་སྒྲིག་བྱས་པའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ནས་ཁུལ་ཡོངས་ཀྱི་མིག་སྔའི་ཡོམ་འགོག་གེགས་སེལ་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་ཉེ་དུས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་བྱ་བར་སྤྱི་འདོམས་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག མིག་སྔར་དགུན་དུས་ཀྱི་མེ་ཟོན་དུས་སྐབས་གལ་ཆེན་དུ་གནས་པ་དང་རྩྭ་ཐང་ནགས་ཚལ་སོགས་ཀྱི་མེ་ཟོན་དུས་བབ་ཛ་དྲག་ཡིན་པའི་ཁར་ཉེ་དུས་དྲོད་ཚད་དམའ་བའི་ཁ་ཆར་དང་རླུང་ཆེན་གྱི་གནམ་གཤིས་ཡང་ཡང་བྱུང་བ་དང་། དྲོད་ཚད་ཇེ་དམའ་རུ་སོང་བ། གནམ་གཤིས་ཇེ་ཞན་དུ་གྱུར་བ། གནོད་འཚེའི་རྒྱུ་རྐྱེན་ཇེ་མང་དུ་སོང་བ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་མཚོ་བྱང་ཁུལ་ནི་མདོ་ལ་རི་བོའི་ས་ཡོམ་ཁུལ་དུ་གནས་ཡོད་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བག་མེད་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་གཏན་ནས་བཅངས་མི་རུང་བར་ངེས་པར་དུ་ཚད་མཐོའི་དོགས་ཟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར་ཡོམ་འགོག་གེགས་སེལ་གྱི་མཁོ་བསྟུན་གྲ་སྒྲིག་བྱ་བ་སོ་སོ་ཏན་ཏིག་ངང་སྒྲུབ་དགོས་པར་བསྟན།

ཚོགས་འདུའི་ཐོག གཅིག་ནས་ས་ཡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་དགོས་པ་དང་། ཞིང་ཆེན་ས་ཡོམ་སྡེ་ཁག་དང་ས་ཡོམ་གནས་ཚུལ་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་པ། གཞི་གྲངས་མཉམ་སྤྱོད་ཐུབ་པ། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ལྟ་ཞིབ་ཚད་ལེན་བྱ་ཤུགས་ཆེ་རུ་གཏོང་བ། ས་ཡོམ་གྱི་གནོད་འཚེའི་ཉེན་ཁར་སྟབས་བསྟུན་ངང་དཔྱད་དཔོག་བཅས་བྱེད་དགོས། གཉིས་ནས་ཡོམ་འགོག་གེགས་སེལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ས་ཡོམ་མཁོ་བསྟུན་ཁ་ཐོར་ནང་སྦྱོང་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། མགོ་ཁྲིད་ཀྱིས་ལས་རེས་བྱེད་པ་དང་ཆུ་ཚོད24ཡི་ཆེད་མིས་ལས་རེས་ལྟ་སྲུང་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་མཁོ་བསྟུན་སྟོབས་ཤུགས་དང་། རོགས་སྐྱོབ་དཔུང་ཁག་གི་ཁོངས་མི་ཡོངས་ལས་གནས་ཐོག་ཡོད་པ། འཕྲལ་མར་དང་ལེན་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་ཉེན་ཁར་འཕྲད་ཚེ་འཕྲལ་མར་སྙན་སེང་ཞུ་དགོས་པ་དང་འཕྲལ་མར་ཐག་གཅོད་བྱེད་དགོས། གསུམ་ནས་མཁོ་བསྟུན་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་ས་ཡོམ་མཁོ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། དངོས་ཟོག་དང་སྒྲིག་ཆས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། གཞི་རིམ་གྱི་མཁོ་བསྟུན་དངོས་ཟོག་གྲབས་གསོག་དོ་དམ་དང་གཏོང་འདྲེན་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས། བཞི་ནས་གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཟོན་སྔོན་བརྡར་དོ་སྣང་ཆེན་པོ་བྱས་ཏེ་དོགས་ཟོན་གྱི་འགན་འཁྲི་ནན་དུ་བཏང་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་དགོས། ཉེ་དུས་འཇུ་ལག་གངས་དཀར་གྱི་འཕྲིན་གཏོང་འགན་ལེན་གཙོ་གནད་ཐོག་དོན་འཁྱོལ་བྱས་ནས་རི་འཛེག་ཚོགས་པ་དང་མི་སྒེར་གྱི་དོགས་ཟོན་དྲན་སྐུལ་དང་རོགས་སྐྱོབ་གྲ་སྒྲིག་བྱ་བ་ཡག་པོ་བསྒྲུབ་དགོས། ལྔ་ནས་རྩྭ་ཐང་གི་ནགས་ཚལ་མེ་ཟོན་བྱ་བར་དམ་འཛིན་ཏན་ཏིག་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེ་ཟོན་བདེ་འཇགས་ཞིབ་བཤེར་ཡག་པོ་བྱེད་དགོས་པ་དང་། དངོས་སུ་ལེགས་བཅོས་བྱེད་པའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱེད་པ། གནོད་འཚེའི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྔོན་འགོག་དང་ཁ་གཏད་གཅོག་ཐབས་སྔ་མོ་ནས་སྤྱོད་དགོས། དྲུག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་བསྣན་ཏེ་གཙོ་གནད་ས་ཁུལ་དང་གཙོ་གནད་ཁུལ་གྱི་འཛུགས་སྐྲུན་དངོས་པོའི་ས་ཡོམ་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱ་རྒྱུར་ཤུགས་བསྣན་ཏེ་མི་སྣ་འདུ་འཛོམས་མང་བའི་ས་གནས་དང་ཆུ་མཛོད། གཏེར་རི། གཏེར་སྙིགས་གསོག་མཛོད། ས་གཤིས་གནོད་འཚེའི་ཁུལ་བཅས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་ལ་རྩིས་ཁྲ་བཟོ་བ་དང་གནད་དོན་མེད་པར་བཟོ་རྒྱུའི་དོ་དམ་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་གནད་ལ་འཁེལ་བ་དང་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ས་ཡོམ་སྔོན་འགོག་དང་ཉུང་གཏོང་བྱ་བའི་སྒྲིག་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། བྱ་བའི་མགོ་ཁྲིད་སྒྲིག་གཞི་འཐུས་ཚང་དུ་འཛུགས་པ། དཔུང་ཁག་འཛུགས་སྐྱོང་སྟོབས་ལྡན་དུ་བསྒྱུར་བ། ཡོམ་འགོག་གེགས་སེལ་གྱི་བྱ་བ་སོ་སོ་ལ་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁུལ་བདེ་འཇགས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་བསྡུས་མཐུན་སྦྱོར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། རིམ་པ་སོ་སོའི་སྡེ་ཁག་གིས་ཁ་གཏད་ལྡན་པའི་མཁོ་བསྟུན་རོགས་སྐྱོབ་མགྱོགས་མྱུར་དང་ལེན་དང“ནམ་བོས་ནམ་སད”ཀྱི་ལམ་སྲོལ་འཐུས་ཚང་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ས་ཡོམ་ལྟ་ཞིབ་ཚད་ལེན་དང་ཡོམ་འགོག་གེགས་སེལ་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སུང་ཞུག་ཙུང་། མ་རུའུ་ཞང་བཅས་འཇུ་ལག་རྫོང་གི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ལ།  ལི་ཞུ་ཀྲེན་དང་ཁྲང་ལིན། ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ཡོམ་འགོག་གེགས་སེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཁུལ་ཐད་གཏོགས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཡོམ་འགོག་གེགས་སེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་རྫོང་སོ་སོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། 

ཚོགས་འདུ་གྲོལ་རྗེས། ཤ་བོ་སྐྱབས་ཆེད་དུ་མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་འཇུ་ལག་རྟ་ར་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་དང་རྒྱལ་མཁར་ཡུལ་ཚོ་ཤར་ཐང་སྡེ་བར་བསྐྱོད་དེ“1·08”ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་གནོད་འཚེ་ཕོག་མཁན་མང་ཚོགས་བསྡད་པའི་བཀོད་སྒྲིག་ཁང་བར་ཁས་ལེན་གང་ལེགས་གནང་ཞིང་། བཀོད་སྒྲིག་ཁང་བ་ཁྲིམས་སྲོལ་ལྟར་སྤུས་ཚད་འགན་ལེན་གྱིས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་གི་ཐུགས་ཁུར་དེ་མང་ཚོགས་ཀྱི་སེམས་སུ་འཇོག་དགོས་པ་ནན་གྱིས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号