ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་།


   ཨ་རིག་དགོན་ཆེན་ཞེས་པའི་གནའ་བོའི་ཆོས་སྡེ་ཆེན་པོ་འདི་ནི་རབ་བྱུང་བཅུ་གསུམ་པའི་ས་ཕག་སྟེ་སྤྱི་ལོ1771ལོའི་སྔོན་ཙམ་ལ་བྱ་བྲལ་ངག་དབང་བསོད་ནམས་མཆོག་གིས་ཨ་མྱེས་ཁྲབ་ཆེན་རི་བོའི་མདུན་རོལ་གྱི་རྡོ་རྫོང་གད་པ་གཡང་ར་ནས་ཕྱག་འདེབས་མཛད་ཅིང་། ལོ་ངོ་སུམ་ཅུའི་རིང་ལ་རི་ཁྲོད་ཀྱི་སྲོལ་བཟུང་། དུས་རབས་བཅུ་དགུ་བའི་དུས་མགོ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་སྟེ་སྤྱི་ལོ1805ལོའི་སྔོན་ཙམ་ལ་ཨ་རིག་གི་རུ་བ་རྣམས་དང་ལྷན་དུ་ཨ་རིག་གུར་སྒར་ཡང་མཚོ་སྔོན་པོའི་ཕྱོགས་སུ་གནས་སྤོས་པ་དང་། དེ་ནས་རིམ་བཞིན་ཧྭང་ངེའི་རི་རྒན་དང་ཧོལ་ཁའི་ཤྭ་ར་ལ་ཙེ། བློན་པོ་གསེར་ཆེན་གྱི་མདུན་ལུང་སོགས་མཚོ་སྔོན་པོ་མཐའ་འཁོར་གྱི་ས་ཆ་འགའ་ཤས་སུ་གནས་སྤར་རྗེས། རབ་བྱུང་དྲུག་པའི་མེ་ཁྱི་སྟེ་སྤྱི་ལོ1946ལོར་ད་ལྟའི་དགོན་ཤུལ་འདི་ནས་གཏན་སྡོད་བྱས། དེ་ཡང་ཐོག་མའི་དུས་སུ། ཀུན་མཁྱེན་འཇིགས་མེད་དབང་བོར་དགོན་པ་འདིར་རྒྱུད་དང་མཚན་ཉིད་གང་བཙུགས་ན་ལེགས་ཞུས་པར། མཚན་ཉིད་བཙུགས་ན་ལེགས། ཡུན་རིང་གནས་ཐུབ། དགོན་མིང་ལ་དགའ་ལྡན་ཆོས་འཕེལ་གླིང་ཐོགས་གསུངས། དེ་ནས་བཟུང་བྱ་བྲལ་ཚང་གིས་ལོ་ངོ་སུམ་ཅུ་ལྷག་ལ་གཞི་གསུམ་གྱི་ཉམས་ལེན་དང་། ལྔ་མཆོད་ཆེན་མོ། དུས་བཞིའི་ཆོས་ཐོགས་བཙུགས་ཏེ་བསྡུས་གྲྭ་ནས་རིམ་པར་གཞུང་བཀའ་པོད་ལྔའི་འཆད་ཉན་དར་བར་མཛད། སྔགས་ཕྱོགས་ནས་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་དང་། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་བཅས་རྒྱུད་སྡེ་གོང་འོག་གི་སྒྲུབ་མཆོད་བཙུགས་པས་བཤད་སྒྲུབ་ཉིས་འཛོམས་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར། མིང་གཞན་ལ་ཨ་རིག་གུར་སྒར་རམ་ཨ་རིག་རྡོ་རྫོང་དགོན་པ།ཨ་རིག་འབྲོང་ཐི་དགོན་པ་ཡང་ཟེར།  སྤྱི་ལོ1798ལོར་བྱ་བྲལ་ཚང་གིས་མངའ་རིས་ཧོ་ཐོག་ཐུ་བློ་བཟང་བསྟན་པ་རབ་རྒྱས་སྤྱན་དྲངས་ནས་དགོན་མགོ་ཕུལ།   སྐབས་དེར་རེབ་གོང་རྫོང་སེར་དགོན་པ་འཐོར་ཞིག་ཏུ་སོང་བས་རྫོང་སེར་ཚང་གིས་བྱ་བྲལ་བསོད་ནམས་གྲགས་པར་དགོན་པ་གྲགས་ཆེན་ཞིག་ཡོད་པ་གོ་ནས་དགོན་པར་ཚོགས་དུང་གཉིས་ཡོད་པ་ཁྱེར་ཡོང་སྟེ་ཨ་རིག་གུར་སྒར་ལ་ཕུལ་ཏེ་དགོན་དེའི་ཆོས་གྲྭར་ཞུགས་ནས་བསྡད། མངའ་རིས་ཚང་སྐུ་གཤེགས་ཤིང་དེའི་ཡང་སྲིད་མངའ་རིས་བློ་བཟང་བསྟན་པ་དར་རྒྱས་མཆོག་འཁྲུངས་ནས་ཡང་བསྐྱར་དགོན་པ་འདི་འཛིན་སྐྱོང་སྤེལ་གསུམ་མཛད་པ་ཡིན་ཏེ། ཁོང་རྣམ་པ་གསུམ་གྱིས་ཆོས་སྡེ་འདིར་མཛད་རྗེས་བསུབ་ཏུ་མེད་པ་བཞག་པར་གྲགས།

   སྔ་གཞུག་ཏུ་ཆོས་སྡེ་འདི་ལ་ཨ་རིག་དགེ་བཤེས་ཆེན་མོ་ཚང་དང་ཀུན་མཁྱེན་སྐུ་ཕྲེང་གསུམ་པ། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། སྐུ་མཆེད་སྐུ་ཕྲེང་རིམ་བྱོན། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག ཞྭ་དམར་པཎྟི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ། དཔའ་རིས་རྐང་རྗེན་པ། དྷི་ཚའི་ཨ་ཁུ་གྲགས་པ་དར་རྒྱས། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཧོར་གཙང་དགེ་བཤེས་མཁར་མོ་རྒྱ། ཐར་ཤུལ་རིན་པོ་ཆེ། དངུལ་རྭའི་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་བོ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ང་བརྒྱད་ལོར་ཆོས་ལུགས་བསྒྱུར་བཀོད་བྱེད་དུས་དགོན་སྡེ་འདིར་ཁྲི་ཆེན་དང་ཁྲི་ཆུང་ཞེ་གཉིས་ཡོད་པ་ལས།  མཁན་པོ་དང་ཧུ་ཐོག་ཐུའི་ཆོ་ལོ་ཡོད་པ་ལྟ་བུ་ཞིག་ཡིན་ཚེ་ཁྲི་ཆེན་གྱི་གོ་གནས་ཡོད་ལ་དེ་དག་ནི།  བྱ་བྲལ་ཚང་དང་།  མངའ་རིས་ཚང་།  རྫོང་སེར་ཚང་།  ལྷོ་བ་ཧུ་ཐོག་ཐུ་ཚང་།  ཕག་སེ་ཚང་།  མ་ཁྱེ་ཆེ་བ་ཚང་།  དགོན་ལུང་མཁན་ཟུར་རྡོ་བ་ཚང་སོགས་ཡིན།  རབ་འབྱམས་པའི་མཚན་བཏགས་ཐོབ་པའི་དགེ་བཤེས་ཞིག་ཡིན་ཚེ་ཁྲི་ཟུར་རམ་ཁྲི་ཆུང་གི་གོ་གནས་ཡོད་ལ་དེ་དག་ནི།  སོག་ཚ་ཚང་།  བཙན་པོ་ཚང་།  སྨྲ་ཁམས་ཚང་།  ཧོར་ཚང་།  ལྡོང་ཚང་།  གླིང་ཚང་།  ཆོས་མཛད་ཚང་།  མ་ཁྱེ་ཆུང་བ་ཚང་།  རུ་སར་ཚང་བཅས་ཡིན་ལ།  ད་དུང་ཧོར་དགེ་བཤེས་བསོད་ནམས་གྲགས་པ།  གླིང་དགེ་བཤེས་འཇམ་དབྱངས་རྒྱ་མཚོ།  རུ་གསར་དགེ་བཤེས་བློ་བཟང་ཆོས་འཕེལ།  ཨ་གནམ་དགེ་བཤེས་སྐལ་བཟང་རྒྱ་མཚོ།  ཤིང་སྡེ་དགེ་བཤེས་འཇམ་དབྱངས་ལེགས་བཤད་སོགས་མཁས་པའི་དབང་བོ་དང་གྲྭ་བཙུན་ཉིས་བརྒྱ་ལྷག་བཞུགས་ཤིང་ཐོས་བསམ་དང་རྒྱུད་སྡེ་གཅིག་ལྕོགས་སུ་བཙུགས་ཡོད་པའི་པའི་མཚོ་སྔོན་པོ་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་གྲགས་ཆེན་ཞིག་ཏུ་གྱུར།  ཡིན་ཡང་རིག་གསར་གྱི་གོད་ཆག་ཆེན་མོའི་ཁྲོད་ཡོད་ཚད་རྩ་མེད་དུ་བཏང་སོང་།

   དེ་ཡང་སྤྱི་ལོ1978ལོར་ཆོས་དད་རང་མོས་ཀྱི་མགོ་བརྩམས་ཏེ།  རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་སྟེ་ཕྱི་ལོ1980ལོར་མངའ་རིས་བློ་བཟང་ལུང་རྟོགས་རྒྱ་མཚོ་གཙོས་དགེ་སློང་བཀྲ་ཤིས་རྒྱ་མཚོ་སོགས་ཀྱི་སྐུ་དྲིན་ལས་དགོན་སྡེ་འདིའི་ཆོས་སྒོ་སླར་ཡང་ཕྱེས་ཤིང་། ད་ལྟ་དགོན་པ་འདི་ལ་གྲྭ་ཤག་བཞི་བཅུ་ལྷག་དང་བླ་གྲྭ་སུམ་ཅུ་ལྷག་ཡོད་ལ།  ཆོས་ཐོག་གི་སྐོར་ལ།  སྔར་སྲོལ་ལྟར་རྒྱ་ལོ་སྨོན་ལམ།  བཞི་བའི་སྨྱུང་ཆེན།  དྲུག་པའི་མཆོད་པ།  དབྱར་གནས་ཆེན་མོ།  དགུ་བའི་མ་ཎི།  བཅུ་བའི་ལྔ་མཆོད།    ཆོས་ཐོག་མེད་པའི་སྐབས་སུའང་རྒྱུན་ཇ་འཚོགས་ནས་མ་ཎི་དང་བསང་གསེར་སྐྱེམས་བཅས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号