ཞབས་དྲུང་སྒར་ཐོག

ཞབས་དྲུང་སྒར་ཐོག་གམ་གོང་མ་ཀོང་ཞི་རྒྱལ་པོས་ལུང་གིས་བསྔགས་པའི་ལྭ་མོ་ཀུན་ཏུ་བདེ་བའི་གླིང་ཞེས་རྒྱལ་བ་སྲས་བཅས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཆོས་ཀྱི་སྡེ་འདི་ནི། མདོ་སྨད་བྱང་རྒྱུད་ཀྱི་ནོར་འཛིན་སྒེག་མོའི་ལྟོ་བར་ནམ་མཁའི་སྔོ་བསངས་ཉི་འོད་ཀྱིས་བཞུས་པའི་རྒྱུན་བཟང་གཡས་སུ་འཁྱིལ་བའི་མཚོ་ཁྲི་ཤོར་རྒྱལ་མོའི་བྱང་གི་ཉེ་ཆར། མདའ་བཞིའི་གནས་རི་སྨོན་ལམ་མཐོན་པོའི་ལྷ་ཞོལ། མདའ་(མདའ་བཞི)རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ35 ཙམ་གྱིས་ཆོད་པའི་མཚམས་སུ་བཀྲ་ཤིས་པར་རྫོགས་པའི་ཞིང་ལ་འགྲན་བཞིན་ཆགས་ཡོད།

ཆོས་སྡེ་འདི་ནི་སྤྱི་ལོ1500ལོར་ཡབ་རྗེ་ལཱ་མོ་ཚོགས་གཉིས་རྒྱ་མཚོ་མཆོག་གིས་གུར་སྒར་གྱི་གཞི་བཏིངས་པ་ནས་བཟུང་། ད་ལྟའི་བར་དུ་ལོ་ངོ500ལྷག་གི་ལོ་རྒྱུས་སྣང་། གྲུབ་མཐའ་ཞྭ་སེར་བསྟན་པའི་ལུགས་འཛིན། ལཱ་མོ་སྐུ་ཕྲེང་བཞི་ཡི་རིང་ལ་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་གླིང་ཞེས་མཚན་གསོལ་ཏེ་གྲགས་སྙན་ཤིན་ཏུ་ཆེ། ལྷ་མོ་སྐུ་ཕྲེང་ལྔ་བ་ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོའི་སྐུ་རིང་ལ་ཧོར་དམག་གིས་བཅོམ་ཞིང་ཉམས་ཉེས་བྱུང་། སྐུ་ཕྲེང་དྲུག་པ་ངག་དབང་མཆོག་གྲུབ་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་སྟེ། དུས་རབས་བཅོ་བརྒྱད་པའི་ལོ་རབས་སུམ་ཅུ་ཡས་མས་སུ་སོག་པོ་བེ་ལི་ཚང་དང་མདའ་བཞིའི་རུ་སྡེ། རྗེ་ང་འདྲ་མ། སྒར་ཐོག་མགོན་ཁང་བཅས་སྒར་གྲོང་ཚང་མ་ཧོར་དམག་གིས་བག་ཕེབས་ལྷུན་ཆགས་སུ་གནས་པར་མ་བཅུག་པས་བྱ་ཁོག་དཔོན་པོ་རྒྱལ་མཚན་བཟང་པོའམ་རྒྱན་བཟང་གིས་གཙོ་མཛད་དེ། རང་ས་མཚོ་ལྷོ་ཁུལ་གྱི་མང་འབའ་བྱ་གསུམ་ནས་མཚོ་ཉིན་གྱི་བོ་རོ་ཆུ་འགག་གཞུང་དུ་རུ་སྡེ་སྤར། འདིར་སོག་པོས་སྡོད་དུ་མ་བཅུག་པའི་སྐབས་སུ་རྒྱལ་མཚན་བཟང་པོས་ཀློའུ(ཀླུ)ཏྰ་མེན་ཆན་ཧུ(སྟོང་དཔོན་ཆེན་མོ)དང་འབྲེལ་ཐབས་ཇུས་སྣ་ཚོགས་བཀོད་པས་སོག་པོས་མདའ་བཞི་ལ་ས་ཕྱེད་བྱིན་ས་ཕྱེད་གཡར་ནས་གཞི་ཆགས་སོ།།

ལཱ་མོ་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་གི་སྐུ་རིང་ལ། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་རྡོ་རྗེ་འཆང་སྐུ་ཕྲེང་བཅུ་གསུམ་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་ཉིད་སྨད་ནས་ཕེབས་སྐབས། ལཱ་མོ་ཨུརྒའམ་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་གླིང་དུ་གདན་དྲངས། ཉིད་རྗེ་ཙོང་ཁ་པའི་སྐུ་བརྙན་ང་འདྲ་མར་གཟིགས་མཇལ་གནང་སྐབས། བོད་ལུང་བ་ན་འདི་ལས་ལྷག་པའི་རྟེན་རྩ་འགངས་ཆེན་བ་མེད་གསུངས་པ་དང་རྒྱལ་པཎ་རིམ་བྱེད་གྱིས་ལྭ་མོ་སྐུ་ཕྲེང་རིམ་བྱོན་ལ་གནང་བའི་བཀའ་ཤོག་རྣམས་ལ་གཟིགས་ཞིབ་མཛད་ཅིང་། སྡེ་བ་གཞུང་ལ་གོ་གནས་འདི་ལས་མཐོ་བ་སྤར་རྒྱུ་མེད་གསུངས་ཏེ། སྔ་མ་རྣམས་ལ་རྒྱབ་གནོན་གྱི་བཀའ་ཤོག་སྩལ། སྒར་གཞུང་ལ་སླར་ཡང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་གླིང་ཞེས་མཚན་སྙན་གཟེངས་བསྟོད་གནང་། རྒྱལ་དབང་མཆོག་གིས་ད་དུང་གཅན་ཚའི་མགུར་རྣམ་རྒྱལ་གླིང་། བདེ་ཆེན་ཆོས་འཁོར་གླིང་དང་མདའ་ཚན་གྱི་གུར་གཞི་ཁམས་གསུམ་རྣམ་རྒྱལ་གླིང་གསུམ་ནི་ལཱ་མོ་ཚང་གི་མ་དགོན་་་་་

ཡིན་ཞིང་། ལྷག་པར་དུའང་ཁམས་གསུམ་རྣམ་རྒྱལ་གླིང་འདི་ལཱ་མོ་སྐུ་ཕྲེང་རིམ་བྱོན་གྱི་སྒར་གཞི་དངོས་ཡིན་པས(དུས་ཀྱིས་དེད་ན་ཀུན་གྱི་སྔོན་མ་ཡིན་པ་ཤུགས་ལས་བསྟན) ཕྱིས་སུ་གུར་གཞི་མ་བསྡུས་ན་ལེགས་ཚུལ་ནན་གྱིས་གསུངས། འོན་ཀྱང་སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་ཆེས་མང་དྲག་པས་གུར་གཞིས་སུ་མ་འགབ་པར། དགེ་འདུན་བསྟན་འཛིན་ནོར་བུ་མཆོག་གིས་བོད་རབ་བྱུང་བཅོ་ལྔ་བའི་ས་ལུགས་སྤྱི་ལོ 1919ལོར་སྒར་གཞུང་ཁམས་གསུམ་རྣམ་རྒྱལ་དང་མགོན་ཁང་དགེ་ལྡན་བསྟན་སྲུང་རོལ་པའི་དགའ་ཚལ་སོགས་ཁང་དགོན་དུ་བསྒྱུར་ཏེ། ཀུན་ཏུ་བདེ་བའི་གླིང་ཞེས་མཚན་གྱི་མེ་ཏོག་གཏོར། 

འདུ་ཁང་ལྷ་ཁང་དང་ནང་རྟེན་གྱི་སྐོར་ལ། ལྷ་ཁང་གྱན་བདུན་མ་ཉིས་ཐོག་སྟེང་གི་འོག་རིམ་གྱི་ཐོག་གླིང་བརྒྱད། དེའི་སྟེང་གསེར་ཟངས་ཀྱི་རྒྱ་ཕིབས་གླིང་བརྒྱད་མ་གསེར་ཏོག་གིས་སྤྲས་པ། རྒྱལ་མཚན། ཆོས་འཁོར། རི་དྭགས་ཕོ་མོ། སྤེན་རྒྱན་སོགས་ཀྱིས་བརྒྱན་པ་བཟོ་སྐྲུན་བཀོད་མཛེས་ཅན་དང་། དཔལ་མགོན་སྟོབས་འཕྲོག་དབང་བོའི་མགོན་ཁང་བསྟན་སྲུང་རོལ་པའི་དགའ་ཚལ།

ལཱ་མོའི་བླ་བྲང་ཁམས་གསུམ་རྣམ་རྒྱལ་སོགས་གསེར་ཏོག་དང་བཅས་པས་ལེགས་པར་བརྒྱན་པའི་གཙུག་ལག་ཁང་སྟོན་དུས་ཀྱི་ནམ་མཁའ་ལ་རྒྱུ་སྐར་གྱི་ཚོམ་བུ་རྒོད་པ་ལྟར་ཕྱོགས་ཀུན་ཏུ་གཟི་འོད་ཕྲོམ་མེར་གནས་ཤིང་། སྐུའི་རྟེན་ལ། ལྭ་མོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་སྤྱན་དྲངས་པའི་རྗེ་དགེ་འདུན་གྲུབ་ཀྱིས་ཐུགས་དམ་དུ་མཛད་པའི་བྱིན་རྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་རང་ཉིད་ནས་རབ་གནས་བྱིན་ཕབ་མཛད་པའི་རྗེ་ང་འདྲ་མ་གཙོ་བྱས་པའི་ཇོ་བོ་ལོ་ཀེ་ཤྭ་ར། རྩེའི་སྒྲོལ་མ་གསུང་འབྱོན་མ། བྱམས་པ་ཆོས་འཁོར་མ། ཙན་དན་དམར་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་མི་ཚད་ཅན། གོང་མ་ཀོང་ཞིས་བདག་རྐྱེན་དུ་གནང་བའི་དངུལ་སྒོར་ཁྲི་ཕྲག་ལྷག་གིས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་བཤགས་ལྷ་སོ་ལྔའི་སྐུ་བརྙན་མི་ཚད་ཅན་མཛོད་སྤུ་ཐམས་ཅད་རྣོ་རྡོ་རྗེ་ཕ་ལམ་ཁོ་ནས་གྲུབ་པ།ཟི་ལིང་མཁས་པ་མི་གསུམ་གྱི་ལྷ་ཁང་ནས་ཞུས་པའི་རིན་པོ་ཆེ་ཛྷེེཀྵཱིམ་རྒྱ་མ་དྲུག་བརྒྱ་ལས་གྲུབ་པའི་རྗེ་བཙུན་བྱམས་པ། སེང་གེའི་སྒྲ། མཆོག་ཟུང་བཅས་ཀྱི་སྐུ་བརྙན་སོགས་བྱིན་ཆགས་སྐུ་ཡི་བཀོད་པ་བགྲང་བར་དཀའ་བ་ཞིག་དད་པའི་ཡུལ་དུ་ལྷམ་མེར་བཞུགས། གསུང་གི་རྟེན་ལ། རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། རྒྱལ་བ་པཎ་ཆེན་གཙོས་འཕགས་བོད་ཀྱི་མཁས་གྲུབ་མང་པོའི་གསུང་འབུམ་སོགས་པོད་ཆེན་ལྔ་བརྒྱ་ལྷག་གི་གསུང་རབ་རིན་པོ་ཆེའི་བྱིན་རླབས་གཟི་འོད་འཚེར། ཐུགས་ཀྱི་རྟེན་ལ། ལཱ་མོ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཟ་མ་ཏོག་གི་མཆོད་རྟེན། བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན། གཞན་མ་ཎི་བྱེ་འཁོར་བརྒྱ་ཕྲག་དུ་མ་དང་འཁོར་ཆེན་སྙིང་བོའི་དུང་འཁོར་མང་པོས་ཡོངས་སུ་བསྐོར་བ་སོགས་འཛམ་གླིང་ན་གྲགས་ཆེ་བའི་གསང་གསུམ་རྟེན་གྱི་བཀོད་པ་ལེགས་བྱས་ཀྱིས་ཐེག་དཀའ་བའི་འགངས་ཅན་མང་པོས་བྱུར་བུར་གཏམས། བསྟན་འགྲོ་སྤྱིའི་དཔལ་དུ་འཚོ་བཞེས་པའི་དགེ་འདུན་པ་བརྒྱ་ཕྲག་ཡས་མས་སུ་འདུས་ཤིང་། ཆོས་སྤྱོད་ཀྱི་རིམ་པའམ་གཞི་གསུམ་གྱི་ཉམསབཞེས་མཐིན་ཕྱིན་ནོ། རྒྱལ་བླ་བྲང་གི་བརྒྱུད་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་གི་དགེ་རྒན་སྐལ་བཟང་རྒྱ་མཚོ་དང་བརྩོན་འགྲུས་གཉིས་ཀྱིས་བཙུགས་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་རྡུལ་ཚོན་དང་བཅས། དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་རྡུལ་ཚོན་དང་བཅས་པ། སྤྱོད་རྒྱུད་ཆེན་པོ་རྣམ་སྣང་མངོན་བྱང་། རྒྱལ་བ་མི་འཁྲུགས་པ་ལྷ་དགུ་བ་སོགས་ཀྱི་སྒྲུབ་མཆོད། རབ་གནས་དགེ་ལེགས་ཆར་འབེབས། དགེ་ལྡན་ལྔ་མཆོད་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཀྱི་ཆོས་ཐོག་རིམ་གྱིས་བཙུགས་ཏེ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཡར་ཟླའི་དཔལ་ལ་འགྲན་བཞིན་པའི་སྐབས་སུ། སྐྱེ་དགུའི་བསོད་ནམས་ཀྱི་མཐུ་བྲི་བའམ་བསྟན་ལ་འཕེལ་འགྲིབ་ཡོད་པར་ལུང་གིས་ཟིན་ཡོད་པའི་དབང་གིས་ཡིན་ནམ་གང་ལྟར་ཀྱང“གཡོན་ལྷུང”གི་རྐྱེན་ངན་དང“རིག་གསར”གྱི་རླུང་་་་འཚུབ་ནང་དུ་རྟེན་གསུམ་ཚང་མ་ཆབ་སྲིད་ཀྱི་འགལ་རྐྱེན་ལས་མེད་བརླགས་སུ་ཤོར་བ་ནི་བོད་ལུང་བ་ཀུན་གྱི་སྡུག་བསྔལ་དང་གྱོང་གུད་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རོ།

བགྲང་བྱ་ཉི་ཤུ་ལྷག་གི་མུན་པ་སངས་ཤིང་། མཆོག་གསུམ་གྱི་བྱིན་རླབས་དང་། ལེགས་བྱས་འཕྲོ་ལུས་ཅན་གྱི་མཐུ་བརྟས་པས་བསྟན་པ་བསྐྱར་དར་གྱི་རྫོགས་ལྡན་བསྐལ་པའི་དཔལ་མོའི་འཛུམ་ཞལ་ངོམ་པའི་སྐབས་དང་བསྟུན་ནས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་བྱ། སྤྱི་ལོ 1981ལོའི་ཟླ 7 པར་སྲིད་གཞུང་གི་ཆོག་མཆན་ལྟར་མདའ་བཞིའི་དད་ལྡན་མང་ཚོགས་རྣམས་ཀྱིས་བསོད་ནམས་བསགས་པའི་ལས་ལ་གཞོལ་ནས་མཐུན་རྐྱེན་གང་འབྱོར་དགེ་གསོག་གི་ཞིང་སར་བསྔོས་ཏེ། ཨ་ལགས་ཉི་མ་མགོན་པོ་མཆོག་སྤྲུལ་ནས་ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པ་ཚང་གི་བཀའ་བཞིན་ལཱ་མོའི་རྒྱལ་ཚབ་ཀྱི་འགན་བཞེས་ཏེ། མདའ་བཞིའི་དགོན་མ་ལག་བསྐྱར་བཞེངས་ཀྱི་དཀའ་ཚེགས་མ་ལུས་ཕྲག་ཏུ་བླངས་ཤིང་། སྔར་ལས་ལྷག་པའི་འདུ་ཁང་ཆེན་མོ་གྱན་བདུན་མ་སུམ་ཐོག་ཅན་དང་། སུམ་ཐོག་ལ་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་རིན་ཆེན་སྣ་བདུན་ལས་གྲུབ་པ། གསེར་ཁང་ཆེན་མོ། ཐུབ་དབང་གནས་བརྟན་བཅུ་དྲུག་གི་ལྷ་ཁང་ཆེན་མོ་སོགས་དང་། མགོན་ཁང་བསྟན་སྲུང་རོལ་པའི་དགའ་ཚལ་ཉིས་ཐོག་ཅན། དགོན་གསར་རྣམ་རྒྱལ་གླིང་གི་གྲྭ་བཙུན་རྒན་པ་བཤད་སྒྲུབ་རྒྱ་མཚོ་ཡིས་འགན་ལེན་གྱིས་བཞེངས་པའི་ལྭ་མོ་ཞབས་དྲུང་དཀར་པོ་མཆོག་གི་བླ་བྲང་གོང་འོག་གཉིས།” ལྭ་མོ་སྐུ་རབས་གསུམ་གྱི་རིགས་ཀྱི་ཅོད་པན་ཡོངས་འཛིན་རྡོ་རྗེ་འཆང་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་གཙོས་མཆོག་སྤྲུལ་མང་པོའི་བླ་བྲང་སོགས་ཀྱི་གཙུག་ལག་ཁང་རྣམས་བི་ཤྭ་ཀརྨའི་པིར་རྩེ་ལས་ཐོན་པ་ལྟར་འགྲོ་བ་ཡོངས་ཀྱི་བསོད་ནམས་གསོག་པའི་ཞིང་མཆོག་བླ་མེད་ཅིག་ཏུ་བསྐྲུན། ལྷག་པར་དུ་བསྟན་འགྲོའི་རྩ་ལག་དམ་པ་དཔོན་སློབ་ནོར་བ་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བློ་བཟང་བཀྲ་ཤིས་རྒྱ་མཚོ་ཁོང་ཉིད་རྒྱལ་ས་པེ་ཅིན་གྱི་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཐུགས་གཉེར་ལ་ཕེབས་སྐབས། རང་དགོན་གྱི་མགོན་ཁང་རྙིང་རལ་དུ་སོང་བ་ཐུགས་ལ་བརྣགས་ནས། དད་གཏོང་གི་རྒྱན་གྱིས་མཛེས་པའི་མ་ཧྰ་ཙི་ནའི་རིགས་ཀྱི་ཤེས་ལྡན་འགའ་ཟུང་ལ་གཙུག་ལག་ཁང་གི་བྱུང་བ་ཞིབ་ཕྲར་བཤད་པས་ཡིད་དྲངས་ཏེ་ལྷག་བསམ་རྣམ་པར་དག་པས་འབྲེལ་བཞག་དམངས་སྒོར་ཁྲི 26 ལྷག་གི་རྒྱུ་ཡོན་སྦྱར་བའི་རྨང་གཞིའི་སྟེང་ལཱ་མོ་མདའ་བཞིའི་སྒོར་ཁྲི་ལྷག་གི་ཞལ་འདེབས་སོགས་ལ་བརྟེན་ནས། 2001 ལོའི་བོད་ཟླ8པར་དགེ་ལྡན་བསྟན་སྲུང་རོལ་པའི་དགའ་ཚལ་རྟེན་དང་བརྟེན་པར་བཅས་ཀྱི་བཞེངས་ཐེངས་གསུམ་པ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་ལགས། ནང་རྟེན་གྱི་ཐད་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་རང་ཉིད་ནས་རབ་གནས་བཀྲ་ཤིས་དངོས་གྲུབ་སྩལ་བའི་རྗེའི་དོ་ཁ་མ་བདན་ཅུ་དང་། རྗེ་ང་འདྲ་མ་གཙོས་རྗེ་སྐུ་གཞན་པ་བཞི་བཅས་བྱིན་རླབས་ཀྱི་རླངས་དྲོད་མ་ཡལ་བའི་རྗེ་སྐུ་བདུན་ཅུ་དོན་བཞི་ཡོད་པར་གྲགས་པའི་ནང་གྲས་གཙོ་ཤོས་སུ་གྱུར་པའི་རྗེ་མཐུ་བཟློག་མར་འབོད་པའི(རྗེ་གཞན་ཕན་མའང་ཟེར)

སྐུ་མཐོ་ཚད་ཅིག་ཡོད་པ་ཆོས་སྡེ་འདིའི་གཙོ་སྐུར་ཞུས་པ་ནི་སྤྲུལ་བའི་སྐུ་རྗེ་ཉི་མ་མགོན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་བླ་ན་མེད་པ་དང་། གནས་འདིའི་སྐྱེ་འགྲོ་ཡོངས་ཀྱིས་བསོད་ནམས་བསགས་པའི་འབྲས་བུ་རབ་ཏུ་མཐོ་བ། ཕྱིས་འབྱུང་ཚ་རབས་རྣམས་ཀྱི་བདེ་སྐྱིད་ཡིན་པ་ཀུན་གྱི་ཡིད་སེམས་སུ་གསལ་བོར་འཆར་དགོས་པ་ཁོ་ན་ཡིན་པར་སྙམ། རྗེའི་སྐུ་འདི་ནི་སྔོན་མའི་རྗེ་ང་འདྲ་མ་དང་ངོ་བོ་དབྱེར་མེད་ཀྱི་བྱིན་རླབས་རྟག་ཏུ་ཡོད་པ་འཇིགས་མེད་དབང་པོའི་སྐུ་བརྙན་ལོ་རྒྱུས་སུ་གསལ་བར་གྲགས། ཆོས་ཐོག་གི་སྐོར་ལའང་སྔར་ཡོད་ཐམས་ཅད་རྒྱུན་འཛིན་བྱས་ཏེ། ད་དུང་རྒྱ་ལོའི་ཚེས་གཅིག་ལ་ཡོངས་གྲགས་ལྟར་ལྷ་མོའི་ཚེས་གཏོར་གཏོང་བ་དང་། ཚེས་ལྔ་ལ་མགོན་པོ་ཞལ་གྱི་གཤེགས་གཏོར་གཏོང་བ། རྒྱ་ལོའི་ཆོ་འཕྲུལ་སྨོན་ལམ་བྱམས་པ་གླིང་སྐོར་དང་བཅས་ཉིན་བདུན། གཉིས་པའི་ཉེར་བརྒྱད་ནས་གསུམ་པའི་ཉི་ཤུའི་བར་དུས་འཁོར་སྒྲུབ་མཆོད་རྡུལ་ཚོན་ཆབ་འདྲེན་སྐུ་གསུང་ཐུགས་ཡོངས་རྫོགས་ས་གར་མཆོད་གར་སྦྱིན་སྲེག་དང་བཅས་པ་བླ་བྲང་གི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་སྦྱིན་པ་ཚང་གིས་ཞུ་དག་གསར་སྣོན་བྱས། བཞི་བའི་ནང་རབ་གནས་དགེ་ལེགས་ཆར་འབེབས་སྦྱིན་སྲེག་དང་བཅས། དྲུག་པར་སྲོལ་རྒྱུན་གྱི་མགོན་པོ་ཞལ་བཞི་བའི་བསྐང་ཆེན་ཉིན་བདུན་(ཚོ་བ་བདུན་གྱིས་རེས་མོས་སྒོས་ཉིན་ཐབ་འཛིན)། དབྱར་གནས་ཆེན་མོ་བརྒྱད་པའི་ཚེས་གཅིག་བར། དགུ་བའི་ལྷ་བབ་དུས་ཆེན་དང་བསྟུན་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཉིན་བདུན། བཅུ་བར་མངོན་བྱང་རྡུལ་ཚོན་ཆབ་འདྲེན། ཕྱག་རྒྱ། སྦྱིན་སྲེག་དང་བཅས་ཡོངས་སུ་རྫོགས་པའང་དགེ་བའི་བཤེས་གཉེན་བློ་བཟང་སྦྱིན་པ་ཚང་གིས་བཙུགས། བཅུ་གཅིག་པར་བསྙེན་མཚམས་ཅི་རིགས། མགོན་ཆོས་ལྔ། ཆོས་རྒྱལ་གློ་བུར་ལས་བཅོལ་གྱི་སྒོ་ནས་གཏོར་རྒྱག་དང་བཅས་ཉིན་ལྔ་སོགས་གསར་དུ་བཙུགས་ཡོད་དོ།།

ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པ་བསྟན་འཛིན་ནོར་བུ་ཚང་གཙོ་བྱས་པའི་མདའ་བཞིའི་བླ་སྤྲུལ་དམ་པ་མཆོག་རྣམས་ཀྱིས་མདའ་བཞིའི་དགོན་མ་ལག་གསུམ་པོ(ཞབས་དྲུང་སྒར་ཐོག མཱ་ཕྱག དགོན་པ་སོ་མ) སྒར་ཐོག་དགོན་ཀུན་ཏུ་བདེ་བའི་གླིང་དང་ལྷན་ཅིག་ཏུ་འཛོམས་པར་ཆགས་ན་ལེགས་པའི་ལུང་བསྟན་དང་ཐུགས་འདུན་ལྟར། དགོན་པ་བསྐྱར་བཞེངས་ཀྱི་བསྐལ་བཟང་དང་བསྟུན་ནས་དགོན་པ་མཉམ་བཞེངས་བྱས། རྗེས་སུ་མྰ་ཕྱག་དགོན་པ་སྔར་ཤུལ་དུ་བཞེངས། དེའི་ཚབ་ཏུ་ལགས་ཉི་མགོན་མཆོག་གིས་གཏོང་སྒོ་ཆེན་པོས་གནས་བརྟན་བཅུ་དྲུག་གི་ལྷ་ཁང་བདེ་མཆོག་གྲྭ་ཚང(ཐེག་ཆེན་ཕོ་བྲང)་བཞེངས།མདའ་བཞིའི་ཆོས་དད་མང་ཚོགས་ཀྱི་རེ་འདོད་བཞིན་ལཱ་མོའི་ཡོངས་འཛིན་རིན་པོ་མཆོག་ནས། 1994ལོའི་ལུགས་རྙིང་གི་ཟླ་བརྒྱད་པར་དགོན་པའི་ཉེ་འདབས་སུ་དུས་ཀྱི་འཁོར་ལོའི་དབང་རྒྱས་པར་སྩལ་ཏེ། དད་ལྡན་ཁྲི་ཕྲག་ལྔ་ལྷག་ལ་དམ་པའི་ཆོས་ཀྱི་བྱིན་རླབས་ཀྱི་བདུད་རྩིའི་སྦྱིན་པ་རྒྱ་ཆེར་གནང་།

དགོན་བདག་བླ་མ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པ་ཚང་གིས་མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཐོག་མ་དང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་བྱས། རྗེས་སུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་མང་པོ་བཞེས་ནས་འགྲོ་བར་ཕན་པ་བསྐྲུན།

མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་ལས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号