སྔོན་འགྲོའི་གཏམ། ཟླ2པའི་ཚེས13ཉིན། ངེད་ཚགས་པར་ཁང་གིས“མཚོ་བྱང་སྨྱན་གསར”དང“གངས་ལྗོངས་འཕྲིན་གསར”སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་མཐོན་པོ་སྒང་གིབྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བའི་བརྡ་ཐོཁྱབ་བསྒྲགས་བྱས་པ་དང་། བརྡ་ཐོ་བཏང་རྗེས་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོའི་དོ་ཁུར་དང་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ནས་རྩོམ་ཡིག་བསྡུ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་ཡོད། དེ་རིང་ནས་བཟུང་ངེད་གསར་འགྱུར་ཁང་གིས་སྤུས་ལེགས་ཀྱི་རྩོམ་ཡིག་བདམས་ནས“མཚོ་བྱང་སྨྱན་གསར”དང“གངས་ལྗོངས་འཕྲིན་གསར”སྐད་འཕྲིན་སྤྱི་སྟེགས་ཐོག་འགྲེམས་སྤེལ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་དང་གྲོགས་པོ་ཚོས་དོ་ཁུར་གནང་རོགས་ཞུ།

 

༄༅། །གནས་རི་མོ་བློན་མཐོན་པོ་དང་ལ་བཙས་སྟོབས་ལྡན་བཀྲ་ཤིས་དཔལ་གཏེར་གྱི་བཤད་རྒྱུན་མདོར་བསྡུས།

རྩོམ་པ་པོ། རིན་ཆེན་ཚེ་རིང་། 

སྤྱི་ལོ1958ལོའི་ཟླ5པའི་ཚེས31ཉིན། ཏང་ཀྲུང་དབྱང་གིས་མདའ་བཞི་རྫོང་གི་གསེར་དངུལ་ཐང་དེ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་བསྐྲུན་སའི་རྟེན་གནས་སུ་ཐག་གཅོད་བྱས་ཤིང་། གསེར་དངུལ་ཐང་དང་མོ་བློན་མཐོན་པོ་རིའི་སྲིབ་ངོས་ཀྱི་མདའ་བཞི་ཚོ་བའི་དུད་ཁྱིམ1279དང་མང་ཚོགས6700ལྷག་གིས་རང་གི་གཅེས་སུ་འོས་པའི་ཕ་ས་དང་སྒོ་ཕྱུགས་ཁྲི་སྟོང་མང་པོ་དོར་ཏེ་ཁ་གསོ་བྱེད་ཀྱི་ནོར་ལུག་ཉུང་ངུ་རེ་དེད་དེ་ཕྱིར་མི་ལྡོག་པའི་ལམ་སྣེ་རྡོག་པས་མནན་ནས་མདོ་ལ་རྫོང་དང་རྐང་ཚ་རྫོང་། སྟོང་སྐོར་རྫོང་སོགས་ཀྱི་ངེས་གཏན་བྱས་པའི་ས་ཆར་ཕྱིན་ནས་གཞི་ཆགས་པར་བྱས། ལོ་ལོན་མང་པོ་ཞིག་འཆི་ཁར་ཡང་རང་ཡུལ་དངོས་སུ་མིག་ལ་རྒྱུ་བའི་གོ་སྐབས་མ་བྱུང་། དེའི་རྗེས་ཀྱི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་མདའ་བཞི་ཚོ་བའི་བླ་རིར་གྱུར་པའི་མོ་བློན་མཐོན་པོ་དང་དེར་གནས་པའི་ལ་བཙས་སྟོབས་ཆེན་བཀྲ་ཤིས་དཔལ་གཏེར་ལ་ཡང་མཆོད་པའི་རྒྱུན་ཆད་ཅིང་བསྟོད་པའི་རབས་ཆད་པ་ཡིན། 

དེ་ཡང་མོ་བློན་མཐོན་པོ་རི་འདི་ནི་ངག་རྒྱུན་དུ། «ཁྲི་ཤོར་རྒྱལ་མོའི་གཏམ་རྒྱུད»ཅེས་པའི་གཏམ་རྒྱུད་དེའི་ནང་དུ་སྨན་ཨ་ནེ་གོང་སྨན་རྒྱལ་མོས་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་འདི་འཕྱུར་བའི་སྐབས་སུ་ཕྱོགས་སྐྱོང་བཞིའི་ནང་དུ་མོ་བློན་གཅིག་ཡོད་པ་དེ་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་དུད་ཁྱིམ་ཁྲི་སྡེ་མང་པོ་ལ་མགོན་དང་སྐྱབས་སུ་མངགས་ཤིང་། མོ་བློན་དེ་ནི་ཕྱོགས་སྐྱོང་བཞིའི་ནང་གི་ཤར་ཕྱོགས་སྐྱོང་བའི་བློན་པོ་ཡིན། མི་རྣམས་ཀྱིས་བློན་པོ་འདིའི་བཀའ་དྲིན་མི་རབས་ནས་མི་རབས་སུ་མི་བརྗེད་པའི་ཕྱིར་མོ་བློན་དེ་གནས་རི་འདིར་གནས་ཡོད་པའི་ངག་རྒྱུན་འདི་འདྲ་ཁྱབ་ཡོད། དམངས་ཁྲོད་དུ་ངག་རྒྱུན་གཞན་ཞིག་ཡོད་པ་ནི། གནའ་བསྐལ་པ་མ་ཆགས་པའི་ཡར་སྔོན་ཞིག་ལ། གནས་རི་མོ་བློན་མཐོན་པོ་འདི་ནི་ད་ལྟའི་མཐོ་ཚད་འདི་འདྲ་ཞིག་མ་ཡིན་པར་མཐོ་བ་ཨ་སྔོན་དབྱིངས་སུ་ཟུག་ཡོད་པའི་རི་བོ་ཤིན་ཏུ་མཐོ་ཞིང་བརྗིད་པ་ཞིག་ཡིན་ཟེར། ཉིན་ཞིག་ལ་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་སེམས་ཅན་ཀུན་ལ་གནོད་བྱེད་པའི་དུག་སྦྲུལ་ནག་པོ་ཞིག་བཟུང་སྟེ་འཕུར་ནས་ས་ཆ་འདིར་སླེབས་པ་ན། ཤིན་ཏུ་ངལ་ཞིང་དུབ་ནས་མོ་བློན་མཐོན་པོ་རིའི་སྟེང་བབས་ཏེ་ངལ་གསོས་པ་རེད། བྱ་རྒྱལ་ཁྱུང་ཆེན་དང་སྦྲུལ་ནག་གཉིས་ཧ་ཅང་ལྕི་བས་རི་ཆེན་དལ་གྱིས་མར་ཆགས་ནས་ད་ལྟའི་མཐོ་ཚད་འདི་ལྟ་བུར་གྱུར། བྱ་རྒྱལ་ཁྱུང་ཆེན་གྱིས་རི་ཉིལ་བཞིན་པ་མཐོང་ནས་སླར་ཡང་གཤོག་རྡེབ་ཅིག་གིས་ཡར་འཕུར་ཅིང་སྦྲུལ་ནག་ཐང་དུ་འཕངས། ཁོ་རང་འཕུར་ནས་ད་ལྟའི་ཨ་མྱེས་བུ་རྒོད་ཡོད་སའི་གནས་འདི་ནས་ཐང་ལ་བབས་ཤིང་ཕྱིས་སུ་ཨ་མྱེས་བུ་རྒོད་ཀྱི་རི་འདི་རུ་གྱུར་པ་དང་། སྦྲུལ་ནག་དེ་ད་ལྟའི་སྦྲུལ་ནག་ཐུར་རྒྱུག་སྣ་ཁ་འདི་རུ་གྱུར་ཅེས་བཤད་སྲོལ་ཡོད། 

གནས་རི་མོ་བློན་མཐོན་པོ་འདི་ལ་བརྩམས་པའི་བསྟོད་པ་དང་བསང་མཆོད་ཀྱང་མཇལ་དུ་ཡོད་དེ། ལཱ་མོ་ཡོངས་འཛིན་གྱིས་མཛད་པའི«བརྩི་བསང་དགོས་འདོད་ཀུན་འབྱུང»ལས་འདི་ལྟར་བཀོད་ཡོད་དེ། “ཕྱོགས་བཅུའི་དགེ་མཚན་གཡང་དུ་འཁྱིལ་བ། །བཻཌཱུརྱ་སྔོན་པོ་ཞུན་མའི་དཔལ་འཛིན། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་རོལ་གནས། །གཏེར་མཛོད་གཡུ་མཚོ་ཁྲི་ཤོར་རྒྱལ་མོ། །མ་དང་མཁའ་འགྲོ་འདུ་པའི་གནས་ཆེན། །མཚོ་སྙིང་རི་བོ་མ་ཧཱ་དེ་ཝ། །མགར་གྱི་བླ་གནས་བློན་པོ་གསེར་ཆེན། །བཀའ་བློན་གཏེར་སྲུང་མོ་བློན་མཐོན་པོ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྡེ་དཔོན། །ཡུལ་སྐྱོང་གཉན་ཆེན་ལྷ་རི་ཞལ་དཀར། །རྣམ་བཞིའི་འཕྲིན་ལས་གློག་ལྟར་འཁྱུག་པ། །ལས་བྱེད་བཀའ་ཉན་བཙན་གདོང་དམར་པོ། །བཞི་བརྒྱ་རྩ་བཞིའི་ནད་ཀུན་འཇོམས་པའི། །ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ། །དགེ་བཅུའི་ལང་ཚོ་དར་ལ་བབ་པའི། །དཀར་ཐང་མར་ཁུའི་མཚོ་མོའི་གོང་བ། །སྲིད་པ་ཆགས་པའི་དགྲ་ལྷ་གཉན་པོ། །”ཞེས་དང་། དམངས་ཁྲོད་ཀྱི«སྟོན་བཤད་ཁུ་བྱུག་དབྱངས་རྟ»ལས་སྐྱེས་མཆོག་མོ་བློན་མཐོན་པོ་རི་ལ་འདི་ལྟར་བསྟོད་པ་བྱས་ཡོད་དེ། “དེའི་མན་ན་རི་ཞིག་རིག་ནོ། རི་མགོ་སྨུག་གིས་བཟུང་ནོ། སྨུག་ལུང་འབྲུག་ཆུང་གྲགས་ནོ། རི་སྐེད་ནགས་ཀྱིས་བཟུང་ནོ། ནགས་ལུང་ཤྭ་ཡུ་མཆོང་ནོ། རི་གཞུང་སྤང་གིས་བཟུང་ནོ། སྤང་ལུང་ལུག་གིས་བཀང་ནོ། འདི་བསྟེན་པའི་བུ་ལ་མགོན་སྐྱོབ་བྱེད་ནོ། དད་པའི་བུ་ལ་དངོས་གྲུབ་གནང་ནོ། སྐྱེས་མཆོག་མོ་བློན་མཐོན་པོ་ཡིན་ནས།”ཞེས་བྲིས་ཡོད།ཡང་མདའ་ཚན་ཚོ་བདུན་སྤྱི་ནས་མོ་བློན་མཐོན་པོའི་ལ་བཙས་གསར་སྐྲུན་བགྱིས་སྐབས་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་བློ་བཟང་མཁས་གྲུབ་རྒྱ་མཚོས་མཛད་པའི«བསང་མཆོད་སྲུང་མའི་སྐུལ་མ»ལས་འདི་ལྟར་བྲིས་ཡོད་དེ། “རླབས་ཆེན་རྒྱལ་སྲས་སྲིད་ལ་དབང་སྒྱུར་བའི། །བྱང་སེམས་མཚོ་སྨན་ཁྲི་ཤོར་རྒྱལ་མོ་ཡི། །བཀའ་བློན་དགྲ་འདུལ་བཀྲ་ཤིས་དཔལ་གཏེར་ཞེས། །སྟོབས་ལྡན་དགྲ་ལྷའི་རྒྱལ་པོ་འཁོར་བཅས་ཀྱི། །རང་སྣང་དག་པ་བདེ་ལྡན་གཞལ་མེད་ཁང་། །མཚོན་བྱེད་ལྷ་ཐོ་གསར་སྐྲུན་བགྱིས་པའི་དགེས། །ཐུབ་བསྟན་སྤྱི་དང་འཇམ་མགོན་ལུགས་བཟུང་མཆོག །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་མཛོད། །རྒྱལ་དབང་པཎ་ཆེན་ཟུང་གཙོའི་བསྟན་འཛིན་རྣམས། །བསྟན་འགྲོའི་དཔལ་དུ་ལྷམ་མེར་འཚོ་གཞེས་ངོས། །རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །ཡངས་པའི་ནོར་འཛིན་ཀུན་ཁྱབ་དགེ་ལེགས་སྩོལ། །བསླབ་གསུམ་ངུར་སྨྲིག་འཆང་བའི་སྡེ་སྤྱི་དང་། །སྒོས་སུ་ཀུན་ཏུ་བདེ་བའི་གླིང་མཆོག་འདིར། །སྡེ་སྣོད་གསུམ་དང་གསང་ཆེན་རྒྱུད་སྡེ་བཞི། །འཆད་ཉན་རྫོགས་ལྡན་དཔལ་མོའི་རྗེས་འགྲོ་ཤོག །རྒྱལ་ཁམས་སྤྱི་དང་ལྗོངས་འདིའི་སྐྱེ་འགྲོ་ཀུན། །མི་མཐུན་ལུགས་ཀྱི་གཡུལ་ངོ་ལས་རྒྱལ་ཏེ། །རང་དབང་གཙང་མའི་དཔལ་ལ་ངག་རོལ་ནས། །ཆོས་སྲིད་དཔལ་འབྱོར་ལེགས་ཚོགས་རྒྱས་པར་མཛོད། །རྒྱལ་ཀུན་གསང་འཛིན་གོང་ས་ལཱ་མོ་བའི། །ལྷ་སྡེའི་སྙིང་བོ་མདའ་ཆེན་ཚོ་བདུན་ནི། །རྒྱུ་སྐར་ཐག་པ་ཆད་བཞིན་མཐར་བསྐྲད་པ། །དགེ་བཅུའི་དཔལ་འཛོམས་དཀར་ཐང་མཚོ་མོ་རུ། །མྱུར་དུ་མ་བུ་ལྷན་འཛོམས་བཞིན་གྱུར་ནས། །ལྷུན་གྲུབ་རྫོགས་ལྡན་དཔལ་མོའི་དགའ་སྟོན་ལ། །འདོད་བརྒྱར་སྤྱོད་པའི་སྐལ་བ་མཆོག་གྲུབ་ཤོག །གནམ་ལ་བཀྲ་ཤིས་ཉི་ཟླ་ཟུང་འབྲེལ་མཐར། །མཁའ་ལ་བཀྲ་ཤིས་གཟའ་སྐར་ལེགས་པར་གྱུར། །ས་ལ་བཀྲ་ཤིས་བདེ་ལེགས་ཡོང་བར་ཤོག །”ཅེས་བཀོད་ཡོད། 

སྤྱི་ལོ2001ལོར་ད་ལྟའི་ལ་བཙས་འདི་བསྐྱར་བཞེངས་སྐབས་སུ་བསྐྲུན་པའི་གསལ་བཤད་དུ་འདི་ལྟར་བཀོད་ཡོད་དེ། “སྟོབས་ལྡན་བཀྲ་ཤིས་དཔལ་གཏེར་གྱི་དཔའ་མཁར་མི་འཇིགས་དཔལ་འཛོམས། །དེ་ཡང་འཛམ་གླིང་མདོ་སྨད་མཛེས་པའི་རྒྱན་དུ་གྲགས་པའི་མཚོ་ཁྲི་ཤོར་རྒྱལ་མོའི་བཀའ་བློན། མདའ་བཞིའི་མཐོན་པོ་བཅུ་གསུམ་གྱི་དང་པོ། སྐྱེས་མཆོག་མོ་བློན་མཐོན་པོའི་ལབ་ཙེའི་ལོ་རྒྱུས་མདོར་བསྡུས་པ་ནི། གནས་རི་འདིར་རྒྱལ་མཆོག་ལྔ་བ་ཆེན་མོ། རྒྱལ་དབང་སྐལ་བཟང་རྒྱ་མཚོ་རྣམ་གཉིས་སྔ་ཕྱིར་ཕེབས་ནས་མཚོ་གཟིགས་གནང་བའི་གནས་བྲག་ཀླུ་མོ་དང་གླིང་གེ་སར་གྱི་རྟ་རྗེས་སོགས་ཡོད། སྔོན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་ན་ཕྲ་མོའི་དུས་སུ་སྐུ་དངོས་ཀྱིས་ལབ་ཙེ་གསར་བསྟོད་གནང་ཞིང་གཞི་བདག་དགའ་བའི་རྟགས་མཚན་དངོས་སུ་བྱུང་བའི་ལོ་རྒྱུས་ངོ་མ་ཡོད། བསྟན་པ་ཡང་དར་གྱི་སྐབས་སུ་བསྟན་འགྲོའི་དཔལ་མགོན་དམ་པ་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་བློ་བཟང་མཁས་གྲུབ་རྒྱ་མཚོས་གཉེར་བསྟོད་མཛད་སྐབས་སྟོབས་ལྡན་བཀྲ་ཤིས་དཔལ་སྟེར་ཞེས་མཚན་གསོལ་མཛད་ཅིང་། འདོད་གསོལ་སྨོན་ཚིག་ཀྱང་བརྩམས་ཡོད། དེ་ནས་བགྲང་བྱ་དུ་མའི་རིང་ལ་ཉེ་འཁོར་གྱི་ལྷ་སྡེ་མི་ཚན་སོགས་དད་ལྡན་དག་གིས་ཞིག་གསོ་རབ་དང་རིམ་པ་བྱས་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་རིམ་བཞིན་ཞིག་རལ་དུ་སོང་བ་ཅུང་ཚབས་ཆེ་བས་སྐབས་འདིར་བསྟན་པའི་གསལ་བྱེད་དམ་པ་ནོར་བ་སྤྲུལ་སྐུ་ཚང་གི་བཀའ་ལྟར་སྤྱི་ལོ2001ལོར་ལཱ་མོའི་གདན་ས་ཀུན་བདེ་གླིང་གི་གྲྭ་རིགས་ལྷག་བསམ་ཅན་དགེ་སློང་ལྷུན་གྲུབ་རྒྱ་མཚོས་གཙོ་འགན་བཞེས་ཏེ་སྡེ་མི་རྣམ་རིས་སོགས་ཀྱིས་རམ་འདེགས་འོག་འབྲེལ་བཞག”ཞེས་བཀོད་ཡོད།མོ་བློན་མཐོན་པོའི་སྒང་འདིར་རྒྱལ་ཁབ་རིམ་པའི་མགོ་ཁྲིད་ཀྱང་ཕེབས་གཟིགས་གནང་མྱོང་ཡོད་དེ། «མདའ་བཞིའི་རིག་གནས་ལོ་རྒྱུས་རྒྱུ་ཆ»ལས1966ལོའི་ཟླ3པའི་ཚེས30ཉིན། རྒྱལ་ཁབ་ཀྱི་མགོ་ཁྲིད་ཏིང་ཞོ་ཕིང་གི་བཟོ་གྲྭ221ལ་གཟིགས་ཞིབ་གནང་སྐབས་མོ་བློན་མཐོན་པོ་སྒང་ལ་ཕེབས་ནས་རི་དེའི་སྟེང་གི་ལས་བྱེད་དང་འཐབ་མོ་བ། སོ་སྲུང་པ་བཅས་ལ་འཚམས་འདྲི་གནང་བ་མ་ཟད། བཟོ་གྲྭ221གི་མགོ་ཁྲིད་ལ་ཆེད་དུ་མཐོན་པོ་སྒང་ལ་གློག་འཐེན་དུ་བཅུག་ཅིང་དེ་ནས་བཟུང་མཚན་མོའི་སྨག་གི་བང་རིམ་དྭངས་གསལ་འོད་ཀྱི་སྣང་བས་བཅོམ་པར་བྱས། ལོ་རྒྱུས་ཚན་པ་འདི2019ལོའི་ཟླ5པའི་ཚེས7ཉིན་གྱི་མཚོ་སྔོན་གསར་འགྱུར་དྲ་བའི་སྟེང་དུ་ཡང་བཀོད་ཡོད་ལ། རྨ་བྱ་དྲ་བའི་སྟེང་ཡང་དེ་བཞིན་བཀོད་ཡོད།

དེ་ཡང1948ལོ་དང1957ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་ན་ཤིན་ཏུ་གཞོན་དུས་མཚོ་སྔོན་པོ་མདའ་བཞིར་ཕེབས་སྐབས་ལཱ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་མཆོག་གིས་སྐུལ་ངོར་སྐྱེས་མཆོག་མོ་བློན་མཐོན་པོའི་ལ་བཙས་འདི་ཐོག་མར་རྒྱ་ཆེར་བསྟད་པ། ས་འདི་གའི་སྐྱ་སེར་རྒན་པ་ཨ་ཁུ་འཇམ་དཔལ་དང་ཨ་ཁུ་ནོར་བུ། ལོ་ན་དགུ་བཅུར་སོན་པའི་ཨ་མ་བྱེ་བྷ་བཅས་གྱིས་གསལ་བོར་བཤད་རྒྱུ་ཡོད་ལ། དེའི་སྐོར་བཀྲ་ཤིས་ལྷུན་པོ་དགོན་པས་བསྒྲིགས་པའི«གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོའི་མཛད་རྣམ»ཞེས་པའི་ནང་གསལ་པོར་བཀོད་ཡོད་དེ། “ཚེས་བཅོ་བརྒྱད་ཉིན་སྔ་དྲོའི་ཆུ་ཚོད་དྲུག་པར་ཆིབས་བསྒྱུར་གྱིས་ཕེབས་ལམ་ཕྱེད་ཙམ་དུ་གསེར་དགོན་དང་། ཨེར་ཀི་སད་སི་དཔོན་སྡེ་བཅས་ནས་གསོལ་ཚལ་ཞུས་ཏེ་དེ་ནས་མདའ་བཞི་སྟོང་དཔོན་ཁང་ཐོག་དཔོན་ཚང་དུ་ཞབས་སོར་འཁོད་རྒྱུའི་ཐོག་མར་ཆ་མཁན་ཧོ་ཐོག་ཐུ་དང་། ཆིང་ཁུ་ཐེམ་མཆོག་སོགས་ཆིབས་བསུའི་རྟ་པ་སེར་སྐྱ་སུམ་བརྒྱ་སྐོར་ནས་མཇལ་དར་ཕུལ་ཏེ་དཔོན་ཚང་དུ་ཞབས་སོར་འཁོད་དེ་སྐུ་འཁོར་ལ་བཀུར་སྟི་གོང་བཞིན་ཞུས། ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་སྟོང་དཔོན་ཐེམ་མཆོག་དང་། ཚ་བོ་ཚེ་བརྟན་སོགས་ངོ་འཁོར་ནས་རྟེན་འབུལ་དང་འབྲེལ་རྒྱ་རྟ་བཅུ་ཐམ་པ་བསྟར་འབུལ་གྱིས་སྐྱབས་འགྲོ་དང་། ཡིག་དྲུག་གཉིས་ཀྱི་ལྗགས་ལུང་ཞུས་ཏེ། སེར་སྐྱ་བྱིངས་མི་གྲངས་ཉིས་བརྒྱ་སྐོར་ནས་དམངས་མཇལ་ཞུས། ཆུ་ཚོད་དྲུག་པར་ཆིབས་བསྒྱུར་བསྐྱངས་ཏེ་མཱ་ཕྱག་ཆབ་ཀའི་ཕེབས་སྒྲིག་ཞུ་མི་ཚ་ཁང་ཧོ་ཐོག་ཐུ་རིན་པོ་ཆེ་ནས་དབུས་དམར་ཤོག་དགོན་པའི་ལས་སྣེ་དང་། གཡས་གཡོན་ཉེ་འདབས་ཀྱི་དཔོན་ཁག་བཅས་ནས་ཆིབས་བསུ་རྟ་པ་སེར་སྐྱ་གྲངས་ལྔ་བརྒྱ་སྐོར་དང་། དབུ་གུར་སྒྲིགས་སུ་ཞབས་སོར་འཁོད། དེ་མཚམས་ནས་ཁ་མཁན་ཧོ་ཐོག་ཐུ་དང་། མཱ་ཕྱག་དགོན་པའི་ནོར་པ་སྤྲུལ་སྐུ་གཉིས་ནས་གཙོས་ཕེབས་བསུའི་རྟ་པ་གྲངས་ལྔ་བརྒྱ་སྐོར་དང་། དེ་བྱིངས་མཇལ་མི་གྲངས་ཉིས་བརྒྱ་སྐོར་བཅས་སོ་སོར་མཇལ་ཕྱག་གནང་། གཞན་ཡང་ཟླ་བ་འདིའི་ནང་མདའ་བཞི་སྒར་ཐོག་དགོན་ཚ་མཁན་ཧོ་ཐོག་ཐུ་སོགས་མི་གྲངས་ཆིག་སྟོང་སུམ་བརྒྱ་བཞི་བཅུ་སྐོར་ལ་མཇལ་ཕྱག་བཅས། ཟླ་བ་བདུན་པའི་ཚེས་གསུམ་ཉིན་ཚ་མཁན་ཧོ་ཐོག་ཐུའི་སྒར་ཐོག་དགོན་དུ་ཆིབས་བསྒྱུར་བསྐྱངས་རྒྱུར་སྐུ་འཁོར་ཧྲག་བསྡུས་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་ཕྱེད་ཙམ་དུ་སྒར་ཐོག་དགོན་པའི་ལས་སྣེ་དབུ་ཆོས་དང་། ཚ་མཁན་རིན་པོ་ཆེ་སྐུ་འཁོར་བཅས་ནས་འཚམས་ཞུའི་མཇལ་དར་བསྟར་འབུལ་དང་། གསོལ་ཚལ་དབུ་གུར་དུ་ཞབས་སོར་འཁོད་དེ་སྐུ་འཁོར་ཡོངས་ལ་བཀུར་སྟི་གཟབ་རྒྱས་ཞུས། ཆུ་ཚོད་དང་པོར་སྒར་ཐོག་དགོན་པའི་ལས་སྣེ་དབུ་ཆོས་དང་། ནོར་བ་སྤྲུལ་སྐུ་སོགས་ཀྱིས་ཕེབས་བསུ་སེར་སྦྲེངས་སྤྱན་རྒྱ་དང་བཅས་ཚ་མཁན་ཧོ་ཐོག་ཐུའི་སྒར་ཐོག་དགོན་ཀུན་ཏུ་དགེ་བའི་གླིང་གི་འདུ་ཁང་དུ་ཞབས་སོར་འཁོད་དེ་གསོལ་ཇ། བཞེས་འབྲས་སོགས་བཀུར་སྟི་གཟབ་རྒྱས་ཞུས། ཆུ་ཚོད་བཅུ་གཅིག་ཐོག་ཐར་ཤུལ་དགོན་པའི་རིན་པོ་ཆེ་ཞབས་གྲས་མི་གྲངས་བཅུ་སྐོར་ནས་ཐར་ཤུལ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་བསྔོ་རྟེན་དུ་མཎྜལ་རྟེན་གསུམ་གྱིས་སྣེ་དྲངས་རྡ་ཡང་སྒོར་ཉིས་བརྒྱ་དང་། རྒྱ་རྟ་གཉིས། གོས་ཕྲུག་མཛོ་ཕོ་མོ་སྤུས་དག་བཅུ། རྟ་སྤུས་དག་ཕོ་མོ་བཅུ། མཇལ་དར་བཅས་བསྟར་འབུལ་དང་འབྲེལ་མཇལ་ཁ་ཞུས། ཟླ་བ་བདུན་པའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་སྦྱོར་དགེ་པའི་ཉིན་ཆུ་ཚོད་བཅུ་གཉིས་ཐོག ཚ་མཁན་ཧོ་ཐོག་ཐུ་རིན་པོ་ཆེ་དང་། མཱ་ཕྱག་དགོན་པའི་ནོར་པ་སྤྲུལ་སྐུ། མདའ་བཞིའི་སྟོང་དཔོན་ཐེམ་མཆོག་ངོ་འཁོར། ཀུན་ཏུ་བདེ་གླིང་། མཱ་ཕྱག་དགོན་པའི་གྲྭ་བྱིངས་བཅས་ནས་ཕེབས་བསུའི་སྤོས་སྣེ་སེར་སྦྲེངས་སྤྱན་རྒྱ་དང་བཅས། ལྷར་བཅས་སྲིད་ཞིའི་གཙུག་རྒྱན༧གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཕེབས་བྱམས་ཐོག་ཆིབས་བསྒྱུར་གྱིས། ཚ་མཁན་ཧོ་ཐོག་ཐུ་རིན་པོ་ཆེ་དང་། མཱ་ཕྱག་དགོན་པའི་ནོར་པ་སྤྲུལ་སྐུ། མདའ་བཞི་སྟོང་དཔོན་ཐེམ་མཆོག་བཅས་མཱ་ཕྱག་དགོན་དང་སྒར་ཐོག་དགོན་ཁག་གཉིས། མདའ་བཞི་སྡེ་ཤོག་བརྒྱད། གཞན་ཡང་ཉེ་འདབས་ཀྱི་བླ་སྤྲུལ། དགོན་ཁག དཔོན་རིགས། སྡེ་ཤོག་བཅས་ཀྱི་སྐྱེ་བོ་ཕོ་མོ་སེར་སྐྱ་མི་གྲངས་ལྔ་སྟོང་བརྒལ་བར་ཚེ་དབང་ཆེན་མོ་འཆི་མེད་བདུད་རྩིའི་གདམས་པ་དང་མཇལ་ཕྱག་དགྱེས་བསྩལ་གྲུབ་བསྟུན་ཚ་མཁན་ཧོ་ཐོག་ཐུ་རིན་པོ་ཆེས་མཎྜལ་ཞིང་བཀོད་བཀྲ་ཤིས་པའི་ལྷ་རྫས་སྲིད་རིང་གིས་བཏེགས་ཏེ་སྤྱིར་འཛམ་གླིང་། བྱེ་བྲག་མདོ་སྨད། ཁྱད་པར་བཀྲ་ཤིས་ལྷུན་པོའི་ཆབ་འབངས་དང་བཅས་པར་ཐུགས་བརྩེ་ཆེན་ཡེ་ཤེས་ཀྱིས་དགོངས་ཏེ་རང་སྐྱོང་གདན་ས་བཀྲ་ཤིས་ལྷུན་པོའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཞབས་སོར་མངོན་པར་འཁོད་དེ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་བཟང་པོའི་རྗེས་མཐུན་བདག་གིར་བཞེས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་གསོལ་འདེབས་རྒྱས་པ་དང་འབྲེལ་སྐུ་གསུང་ཐུགས་རྟེན་ཁྲི་རྒྱབ་ཡོལ་ཆ་ཚང་། གོས་ཚོས་སྣ་བཅུ། སྣམ་ཐིང་རྒྱ་ཚོས་དང་། དམར་སེར་བུབས་བཅུ། ཇ་རས། རྒྱ་དངུལ་རྟ་རྨིག་མ་ཉི་ཤུ། རྟ་ཕོ་མོ་གྲངས་སུམ་ཅུ། མཛོ་ཕོ་མོ་གྲངས་ལྔ་བཅུ་བཅས་འབུལ་ཞུས་གྲུབ་འཕྲལ་སྤྱན་རྒྱ་སྤོས་སྣེ་དང་བཅས་སྒར་སྒྲིགས་སུ་ཆིབས་བསྒྱུར་མཛད། གཞན་ཡང་ཟླ་འདིའི་ནང་ཧུད་ཀྲུང་རྫོང་གི་རྫོང་དཔོན་ཀྲང་ལགས་དང་། ཨ་མི་རི་ཁའི་ལས་བྱེད་ཕིས་ཏཱ་སོགས་མི་གྲངས་ཉིས་སྟོང་བརྒལ་བར་མཇལ་ཕྱག་བསྩལ། ཟླ་བ་བདུན་པ་ཕྱི་མའི་ཚེས་གཅིག་ཉིན་སྔ་དྲོའི་ཆུ་ཚོད་བདུན་པའི་ཐོག་མདའ་བཞི་སྟོང་དཔོན་ཐེམ་མཆོག་གཉེར་པ་བཅས་ཀྱི་ངོ་འཁོར་དང་། ཁོ་ཤོག་བརྒྱད། མཱ་ཕྱག་དགོན། དགོན་གསར། སྒར་ཐོག་དགོན་བཅས་ཀྱི་ལས་སྣེ་དཔོན་རིགས་དང་བཅས་པར་མཇལ་ཕྱག་དགྱེས་བསྩལ་དང་འབྲེལ་རྟེན་སྐལ། ལྗགས་བྱིན་ལེ་ཚན། གོས་བྲུལ། སྣམ་རས། ཕྲུག་སོགས་ཀྱི་གནང་ཆ་གྱ་ནོམ་པ་བསྩལ་ཏེ། སླད་ཕྱིན་ཡུལ་དགོན་དཔོན་ཁག་དང་བཅས་པ་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དགོས་གལ་ཆེ་ཞིང་། ངོས་ནས་ཀྱང་སྐྱབས་འཇུག་རྒྱུན་མར་བགྱིས་ཞེས་ཁུལ་དེ་དག་གི་དོན་དངོས་ལ་དམིགས་པའི་རེ་བ་ནན་པོ་འདོན་གནང་མཛད། ཆུ་ཚོད་བརྒྱད་པར་ཚ་མཁན་ཧོ་ཐོག་ཐུ་རིན་པོ་ཆེ་དང་། མཱ་ཕྱག་དགོན་པའི་ནོར་པ་སྤྲུལ་སྐུ། མདའ་བཞི་སྟོང་དཔོན་ཐེམ་མཆོག་སོགས་དཔོན་ཁག་ནས་ཕེབས་སྐྱེལ་ཞུས་ཏེ། གསང་ཐོ་གྷོའི་གཡས་ཕྱོགས་སུ་རྒྱ་ཡག་སྤྲུལ་པའི་སྐུའི་འཁྲུངས་ཡུལ་ཨེར་ཀི་སད་སི་ཁོ་ཤོག་ནས་གསོལ་ཚལ་ཕེབས་སྒྲིག་ཞུས་ཏེ་སྐུ་འཁོར་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས།”ཞེས་འཁོད།

        1980དང1987ལོར་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་ཤོག་རྒྱ་ཡག་དང་ཞབས་དྲུང་དཀར་པོ་གཉིས་ཀྱིས་ཕེབས་རོགས་འོག་མཚོ་སྔོན་པོ་མདའ་བཞིའི་བདེ་སྐྱིད་ཐང་ནས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ་མ་ཟད། 1980ལོར་རིན་པོ་ཆེ་ཉིད་ཀྱི་བཀའ་གསུང་བཞིན་མདའ་བཞི་ཚོ་བ་སྤྱི་ནས་མཚོ་བསྟོད་རྒྱ་ཆེན་པོ་བྱས་ཤིང་མོ་བློན་མཐོན་པོའི་ལ་བཙས་སྟོབས་ཆེན་བཀྲ་ཤིས་དཔལ་གཏེར་འདི་ཡང་སླར་གསོ་བྱས་ཏེ་སྐྱེས་མཆོག་མོ་སློན་མཐོན་པོའི་དབུ་འཕངས་ཡར་ལ་བསྟད་དོ། །
མཚོ་སྔོན་པོ་དང་འབྲེལ་བ་ཡོད་པའི་མཐའ་འཁོར་གྱི་རིའི་གྲངས་འདྲེན།
འཇུ་ལག་མཐོན་པོ་བཅུ་གསུམ་ནི། ༡ མེ་ལྷ་གངས་དཀར། ༢ མགོན་པོ་གདོང་དམར། ༣ གནམ་སྐས། ༤ བྱ་དུར། ༥ ཁྲ་ལེབ། ༦ ར་རྒོད། ༧ སྟག་བཙན། ༨ ཕྱོར་འཛོང་། ༩ དམར་ཐོ། ༡༠ སྐྱ་ཀ་རི། ༡༡ ལྷུན་པོ་རྩེ། ༡༢ རབ་བཟང་། ༡༣ ཀླུ་རི།(འདི་ལ་དཔའ་རིས་མཐོན་པོ་བཅུ་གསུམ་ཡང་ཟེར།)
མུ་རི་མཐོན་པོ་བཅུ་གསུམ་ནི། ༡ གངས་དཀར་ཕྱོགས་ལས་རྣམ་རྒྱལ། ༢ ལྷ་མཆོག་བཀྲ་ཤིས་རྩེ་གསུམ། ༣ མགོན་པོ་བྱུ་རུའི་གདོང་དམར། ༤ བྲག་དཀར་དུང་རི་དཀར་པོ། ༥ འཇོ་སྒེག་ལྷ་རི་གཉན་པོ། ༦ ཀླུ་གཏོར་ཆུ་རི་སྨུག་པོ། ༧ ས་འཛིན་གཡུ་ཡི་ལྷུན་པོ། ༨ གནམ་བསྐོས་ལྕགས་རི་སྨུག་པོ། ༩ གངས་དཀར་ཡིད་བཞིན་ནོར་བུ། ༡༠ ཞོ་ལུང་མར་ཁུའི་མཚོ་མོ། ༡༡ སྐྱ་ཀ་ལྷ་ཡི་ཞིང་བཀོད། ༡༢ ཀ་དྲོད་མཁའ་འགྲོའི་ཕོ་བྲང་། ༡༣ ཁྲ་ལེབ་རིག་ལྡན་མཐོན་པོ།
མཚོ་སྔོན་པོའི་ཕྱོགས་སྐྱོང་བཞི་ནི། ༡ ཤར་གྱི་ཕྱོགས་སྐྱོང་མོ་བློན་མཐོན་པོ།(同宝山) ༢ ལྷོ་ཡི་ཕྱོགས་སྐྱོང་བློན་པོ་གསེར་ཆེན།(赛乾山) ༣ ནུབ་ཀྱི་ཕྱོགས་སྐྱོང་ཨ་མྱེས་རྫ་དམར།(杂嘛尔山) ༤ བྱང་གི་ཕྱོགས་སྐྱོང་གཉན་ཆེན་ཞལ་དཀར།(夏格尔山)
མཚོ་སྔོན་པོའི་མཐོན་པོ་བཅུ་གསུམ་ནི། ༡ གངས་དཀར་ཕྱོགས་ལས་མཐོན་པོ། ༢ བ་ཡན་ཡུལ་ལྷ་མཐོན་པོ། ༣ ཚེ་ཐར་གཉན་རི་མཐོན་པོ། ༤ ཐེབས་ཁེ་རྫ་རི་མཐོན་པོ། ༥ ཀུན་བཟང་བློ་གསལ་མཐོན་པོ། ༦ མོ་བློན་སྨོན་ལམ་མཐོན་པོ། ༧ བློན་པོ་གསེར་ཆེན་མཐོན་པོ། ༨ ཨ་མ་ཟོར་དགུ་མཐོན་པོ། ༩ ར་ལུག་སྒོ་བསམ་མཐོན་པོ། ༡༠ དཔའ་ཐུལ་རྫ་རྒན་མཐོན་པོ། ༡༡ བཀྲ་ཤིས་ལྷ་རི(འབྱུང་གནས)མཐོན་པོ། ༡༢ བྲག་དཀར་ཐེམ་ཆེན་མཐོན་པོ། ༡༣ བྲག་སེར་ཕྱུག་རི་མཐོན་པོ་བཅས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号