ལའོ་ཏུན་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དུ་རྟོག་ཞིབ་བྱས།
ཟླ3པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུན་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། བཟོ་ལས་འཁོར་སྐྱོད་དང་། ལས་གཞི་འཛུགས་སྐྲུན། དཔྱིད་འདེབས་གྲ་སྒྲིག་སོགས་བྱ་བར་རྟོག་ཞིབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་དམིགས་པ་དང་། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། དུས་ཚིགས་དང་པོའི་རྒྱལ་ཁ་འབད་པས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།
རྟ་ཐང་པའེ་ཁྲོན་བཟོ་ལས་གླིང་ཁུལ་ཧ་ཡང་ཐོན་ལས་འཕེལ་རྒྱས་རྟེན་གཞི་རུ། ལའོ་ཏུན་ཁྲོན་གྱིས་གླིང་ཁུལ་གྱི་གནས་ཚུལ་དང་། ཐོན་ལས་ཀྱི་བཀོད་པ་དང་ལྗང་གློག་ཧ་ཡང་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། མཚོ་སྔོན་གྱི་ལྗང་གློག་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་། ལས་གཞི་གཙོ་བོ་ཁག་ཅིག་ནང་འདྲེན་བྱེད་པར་ཤུགས་འདོན་པ་དང་། སྟོད་སྨད་རྒྱུད་ཀྱི་ཐོན་ལས་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་དང་ཁ་གསབ་བྱེད་པ། ཧ་ཡང་ཐོན་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན། དེའི་རྗེས་སུ་ལའོ་ཏུང་ཁྲོན་ཨོ་ནའེ་ཐི་སྐུད་ཐག་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དང་ཀྲུང་གོ་ཧ་ཡང་མཚོ་སྔོན་ཡན་ལག་ཀུང་སིའི་ལྗང་མདོག་བློ་གྲོས་ཐོན་སྐྱེད་འཁོར་སྐྱོད་ལྟེ་གནས་སུ་སོང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་གཞི་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུ་ཆ་གསར་བའི་ཞིབ་འཇུག་གསར་སྤེལ་ནུས་ཚད་ཆེ་རུ་གཏོང་བ་དང་། ཐོན་རྫས་ཀྱི་རང་བདག་ཤེས་བྱའི་ཐོན་དབང་སྔར་ལས་ཇེ་མཐོར་གཏོང་བ། ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན་ལ། སྲོལ་རྒྱུན་ཐོན་ལས་མྱུར་དུ་ལེགས་བཅོས་མཐོར་འདེགས་བཏང་སྟེ། ཤར་རྒྱུད་ཀྱི་ཐོན་ལས་ཚུལ་སྒྱུར་འགན་ལེན་བྱེད་པ་དང་། ལྗང་གློག་ཧ་ཡང་ཐོན་ནུས་བརྟན་པོར་རྒྱ་བསྐྱེད་ནས། ཐོན་ལས་མཐོ་རིམ་ཅན་དང་ལྗང་མདོག་ཅན། གཞི་གྲངས་ཅན། རིག་ནུས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་གྱི་ཀྲའོ་ཝ660ཅན་གསུམ་གྱི་གློག་འདོན་སྒྲིག་ཆས་འཐབ་ཇུས་ཀྱི་མེ་གློག་ལས་གཞིའི་བཟོ་བསྐྲུན་ཡུལ་དངོས་སུ། ལའོ་ཏུན་ཁྲོན་གྱི་ཡུལ་དངོས་ནས་ལས་གཞི་འཛུགས་སྐྲུན་འཕེལ་རིམ་དང་། ལག་རྩལ་གསར་གཏོད། འཕེལ་རྒྱས་འཆར་གཞི་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་འགག་སྒོ་དང་། བདེ་འཇགས་འགག་སྒོ། འཕེལ་རིམ་འགག་སྒོ་བཅས་དམ་འཛིན་ནན་མོ་བྱས་ཏེ། ལྗང་མདོག་ཁོར་སྲུང་དང་བློ་གྲོས་ལྡན་པའི་གློག་གྲྭའི་མ་དཔེ་ལས་གཞི་འབད་པས་བསྐྲུན་པ། མེ་གློག་གི་རྨང་རྡོ་ལྟ་བུའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། དག་གཙང་ནུས་ཁུངས་དང་ཕན་ཚུན་གསབ་རེས་བྱེད་པ་དང་། མཐུན་སྦྱོར་འཕེལ་རྒྱས་བཏང་ནས། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རོགས་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།
གྲོང་གསེབ་དར་སྤེལ་འབྲེལ་གཏུག་བྱེད་གནས་ཅིན་དབྱང་གྲོང་རྡལ་ཀན་ཧྲུའུ་ཝན་སྡེ་བ་རུ། ལའོ་ཏུན་ཁྲོན་གྱིས་ཞོག་ཁོག་དང་གྲོ། སྣུམ་ཚལ། སྲན་མ་སོགས་རྒྱུད་བཟང་ལོ་ཏོག་ཡོངས་ཁྱབ་སྒོས་འདེབས་འཛུགས་བྱས་པའི་གནས་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། སྡེ་སྡོད་ལས་བྱེད་རུ་ཁག་ལ་འཚམས་འདྲི་བྱས། དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་མང་དུ་གཏོང་བ་དང་། འཁྱག་གྲང་རིགས་ཀྱི་སྔོ་ཚལ་སོགས་ཁྱད་ལྡན་འདེབས་གསོ་གསོ་སྤེལ་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་སྔར་ལས་མང་བོ་ཕྱིར་གཏོང་ཐུབ་པར་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་རོགས་ཤུགས་འདོན་དགོས། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ། སྔར་ལས་ཆེ་བའི་ནུས་ཚད་ལ་བརྟེན་ནས་མི་སྡོད་ཁོར་ཡུག་ལེགས་སྒྱུར་དང་། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བཏང་ནས། བདེ་སྡོད་ལས་འཚམ་གྱི་མཛེས་པའི་གྲོང་གསེབ་ཞིག་མྱུར་དུ་འཛུགས་སྐྲུན་བྱས་པར་བརྟེན། ཞིང་ལས་ཀྱི་ཕན་ནུས་ཇེ་མང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གསོན་ཤུགས་དང་ཞིང་བའི་ཡོང་འབབ་ཇེ་མང་དུ་འགྲོ་བར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
དབུལ་ཐར་མང་ཚོགས་ཝང་ཀྲུང་ཞོན་དང་། ཝང་ཧྲིན་ཧྥ་ཡི་ཁྱིམ་དུ། ལའོ་ཏུན་ཁྲོན་ཚང་མ་དང་མཉམ་དུ་བསྡད་ནས་ཁ་བརྡ་བྱས་ལ། ཁྱིམ་ཚང་གི་ཡོང་འབབ་དང་། འཚོ་བ་ལེགས་བཅོས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས་ཤིང་། ཁོ་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་ངེས་པའི་སྨོན་འདུན་ཞུས་པར་མ་ཟད། ཁོ་ཚོས་དྲིན་ཚོར་ཡར་སྐྱེད་དང་། འབད་འབུངས་མདུན་སྐྱོད་བྱས་ཏེ། ངལ་རྩོལ་གྱི་ལག་ཟུང་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་སང་ཉིན་བསུ་དགོས་ཞེས་སྐུལ་མ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注