ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། ཅི་ལིན་གྱིས་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། བྱང་ཤར་གྱི་རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔར”སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་ལས་འགན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྐང་འཛུགས་ས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པ། གོམ་གང་མདུན་སྤོས་སྒོས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། གོ་སྐབས་དམ་འཛིན་དང་གནས་བབ་དང་སྒོ་ཀུན་ནས་བསྟུན་ཏེ། གསར་གཏོད་བྱེད་ཕོད་པ་དང་འབད་འབུངས་དངོས་གཉེར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཟླ2པའི་ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ། ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན། ཅི་ལིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཆང་གིས་སྙན་ཞུ་ཕུལ་བ་དང་། ཧྲིན་ཀྲང་ཧུའུ་ཡུས་ཐེན་སོགས་སྙན་ཞུ་འབུལ་བའི་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་བྱ་བའི་སྙན་ཞུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས། ཅི་ལིན་གྱིས་ལས་དོན་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་གོ་རིམ་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་སྐུལ་སྤེལ་དང་ཐོན་ལས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་འདིར་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་དང་ཁྱད་ལྡན་ཐོན་ལས་རྒྱ་སྐྱེད་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་བཏང་སྟེ། ཅི་ལིན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཁེ་ལས་ཀྱི་གསར་གཏོད་རང་བདག་གོ་གནས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་ཆེད་དམིགས་ལས་རིམ་གལ་ཆེན་ཁག་གཅིག་གི་ཐད་ནས་ཐོད་བརྒལ་གསར་པ་ཡོང་བར་བརྩོན་ལེན་བྱས་ནས། ཚན་རྩལ་གྲུབ་འབྲས་དེ་དངོས་སུ་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། གངས་འཁྱགས་དང་རང་བྱུང་མཛེས་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཁྱད་ལྡན་ཐོན་ཁུངས་སྤྱད་དེ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཁྲང་ཁྲུན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་མུ་ཁྱུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། བྱང་ཤར་ས་ཁུལ་གྱི་ཞིང་ཆེན་གཞན་དག་དང་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་གོམ་གང་མདུན་སྤོས་སྒོས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་དེ་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གལ་འགངས་ཆེན་པོ་ལྡན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚོད་འཛིན་ཐེབས་པའི་འགག་གནད་དང་དམངས་ཚིས་ཁྱབ་ཁོངས་ཀྱི་དཀའ་གནད་གནད་དོན་ལ་དམ་པོར་དམིགས་ཏེ། བཅོས་སྒྱུར་གྱི་གྲོས་གཞི་བཀོད་སྒྲིག་དང་བཅོས་སྒྱུར་གྱི་ཇུས་གཞི་བཟོས་ནས། འགལ་བ་གཏིང་ཟབ་ཅན་ཐག་གཅོད་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་མ་རྩ་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བའམ་ཡང་ན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གང་ཡིན་རུང་། སྲིད་ཇུས་ཀྱི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། དཔེ་མཚོན་གྱིས་ལམ་སྟོན་བྱེད་པར་མཐོང་ཆེན་བྱས་ཏེ། སྤྱིའི་གནད་དོན་ཐག་གཅོད་བྱེད་དགོས་ལ་བྱེ་བྲག་གི་གནད་དོན་ཡང་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་གསར་འཛུགས་ཁྲོད་མཉམ་འདྲེས་གང་ལེགས་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཆུ་ཚད་སྔར་ལས་མཐོ་ཞིང་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ནི། ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཀྱི་ཞིང་ཆེན་ཆེན་མོའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། ཅི་ལིན་གྱིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་དེ་འབད་བརྩོན་གྱི་ཁ་ཕྱོགས་གཙོ་བོར་བྱས་ཏེ། ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་ལས་ལ་ཕན་ཁེ་བསྐྲུན་པ། ཞིང་ལས་ཇེ་ཕྱུག་ཏུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གྱི་ཞིང་ལས་དང་ལྷད་མེད་ཞིང་ལས། སྤུས་ཚད་ཅན་གྱི་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་གཅིག་གྱུར་གྱིས་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་གསོ་སྤེལ་འཕེལ་རྒྱས་གང་ལེགས་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་རྒྱུ་དང་ཟས་རིགས་ལས་སྣོན་ཞིབ་ཕྲ་ཅན་དུ་གཏོང་བར་ཤུགས་བསྣན་ནས། འབྲུ་རིགས་ཟས་རིགས་དང་ཕྱུགས་རིགས་ཤ་རིགས། ཞིང་ལས་བཟོ་ལས་བཅས་ཀྱི་ལས་དོན་གང་ལེགས་སྒོས་སྒྲུབ་སྟེ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་སྟོང་བཀོད་སྒྲིག་དང་ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ལས་རིགས་དར་རྒྱས་སུ་གཏོང་བ་དང་རྫོང་སྟོབས་ལྡན་དུ་གཏོང་བ། མི་དམངས་ཕྱུག་པོར་གཏོང་བ་བཅས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་གཏོང་བ། དཔལ་ཡོན་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་དང་ཁྲིམས་སྐྱོང་གྲོང་གསེབ་དང་འཚོ་གནས་ལ་འཚམ་ཞིང་བདེ་སྡོད་ལས་བརྩོན་ལ་འོས་པའི་གྲོང་གསེབ་བསྐྲུན་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཅི་ལིན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པར་བརྟེན། དུས་རབས་གསར་པའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་མང་ཚོགས་ལ་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་པ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་སྐྲུན་ཤུགས་ཆེ་རུ་གཏོང་དགོས། མཐའ་དར་དམངས་ཕྱུག་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་ནན་མོ་བཏང་སྟེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་མཐའ་མཚམས་ཉོ་ཚོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱ་རྒྱུ་དེ་དུས་ནམ་ཞིག་ཡིན་རུང་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་དགོས། རང་བྱུང་གནོད་འཚེ་ཡི་སྔོན་འགོག་སྔོན་བརྡ་དང་དེར་ཁ་གཏད་འཇལ་རྒྱུར་ཤུགས་སྣོན་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ཅི་རིགས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་སེལ་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ཏང་འཛུགས་བྱ་བས་སྣེ་ཁྲིད་བྱེད་དགོས། མི་བཀོལ་སྤྱོད་དང་བྱ་བའི་ཁྲིད་སྟོན་མ་ནོར་བ་འཛུགས་རྒྱུ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ནུས་པ་ཆེ་རུ་གཏོང་བ་དང་འགན་འཁུར་པ། གྲུབ་འབྲས་བཟང་པོ་བརྩོན་ལེན་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་དང་། སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་གཉིས་ཕན་ཚུན་འབྲེལ་མཐུད་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། མང་ཚོགས་ཉེ་གམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་བྱས་ཏེ། ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་སྤྱོད་གཙང་བབ་གཙང་གི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། བློ་ཁོག་ཆེན་པོས་བྱ་བ་སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་ཏེ་སྙན་ཞུར་ཉན།
ཧོ་ལི་ཧྥིན་དང་ཝང་ཞའོ་ཧུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྙན་ཞུ་ཕུལ་བའི་ཚོགས་འདུར་ཞུགས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注