《བདེན་འཚོལ》དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ་བ།
ཟླ1པོའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། 《བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ་རྒྱུ་རེད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པས་དུས་རབས་གསར་པའི་ནང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བར་མ་ལག་ཧྲིལ་པོའི་སྒོ་ནས་ཇུས་འགོད་བྱས་ཏེ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པ་མགོ་བརྩམས་ནས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་རྐྱང་བཏོད་པར་བརྟེན། དེར་དུས་རབས་དབྱེ་འབྱེད་ཀྱི་དོན་སྙིང་ལྡན། དུས་རབས་གསར་པའི་ནང་དུ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་གཏོང་བར་ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དེ་ནི། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཆེས་བརྗིད་ཉམས་ལྡན་པའི་ལེའུ་ཡི་གྲས་ཤིག་ཡིན་པས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། “ངོ་མཚར་ཆེན་པོ་གཉིས”མུ་མཐུད་དུ་རྩོམ་པར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱས་ཡོད་ལ། སྐྱོད་ལམ་གསར་པའི་སྟེང་དུ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་རྨང་གཞི་བརྟན་པོ་དང་ཉམས་མྱོང་རྩ་ཆེན་ཡང་འདོན་སྤྲོད་བྱས་ཡོད།
རྩོམ་ཡིག་ལས་བསྟན་དོན། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱ་རྒྱུ་ནི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ཅིས་ཀྱང་དམ་འཛིན་ནན་མོ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན། བདེན་སྲུང་དང་གསར་གཏོད་ནི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན་པས། བདེན་སྲུང་བྱས་ན་གཞི་ནས་གསར་གཏོད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་ཐུབ། རྒྱུན་མཐུད་གསར་གཏོད་བྱས་ན་གཞི་ནས་སྔར་ལས་ལེགས་པའི་སྒོ་ནས་བདེན་པ་སྲུང་ཐུབ། ང་ཚོའིབཅོས་སྒྱུར་ལ་ཁ་ཕྱོགས་དང་རྩ་དོན་ཡོད། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་དམངས་ཀྱི་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་གཞི་འཛིན་ས་དང་དམིགས་ཡུལ་དུ་བྱེད་དགོས་ཤིང་། དེ་དག་ཚང་མ་རྩ་བར་དོ་དམ་དང་ཁ་ཕྱོགས་ལ་དོ་དམ། ཡུན་རིང་དོ་དམ་བྱེད་དགོས་པ་ཞིག་ཡིན་ལ། དེས་ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་ཐུབ་ལ། རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་པའི་དབང་གིས། དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་གང་འདྲ་ཞིག་བྱུང་ནའང་དེར་འགྱུར་བ་གཏན་ནས་གཏོང་མི་རུང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གྱི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་འབེན་གྱིས་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱས་ནས། བཅོས་སྒྱུར་བྱེད་དགོས་ངེས་ཀྱི་རིགས་ལ་མཐའ་གཅིག་ཏུ་བཅོས་སྒྱུར་བྱེད་དགོས་ལ། བསྒྱུར་བཅོས་བྱེད་མི་རུང་བའི་རིགས་ལ་བཅོས་སྒྱུར་བྱེད་མི་རུང་། དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་དང་བློ་སྟོབས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་བཞིན་ཕྱོགས་སོ་སོའི་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གཙོ་གནད་འདི་འབུར་ཐོན་ཅན་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བཀག་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་ཅི་རིགས་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ་དང་། ཕྱོགས་ཡོངས་ནས་གསར་གཏོད་ལ་མི་ཕན་པའི་འགལ་རྐྱེན་དང་བཀག་འགོག་བྱེད་ས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནང་སྙིང་ཕུན་སུམ་ཚོགས་པོ་མངའ་བས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུ་ནི་དགོས་ངེས་ཅན་དང་ཕྱོགས་ཡོངས་ཅན་ཡིན། ཕྱོགས་ཡོངས་ནས་ཕྱོགས་སོ་སོའི་བཅོས་སྒྱུར་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྤྱི་ཡོངས་ཀྱི་ཕན་ནུས་གྲུབ་པར་འབད་འབུངས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ཚན་རིག་གི་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་མཛུབ་སྟོན་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཅོས་སྒྱུར་ནི་མ་ལག་གི་བཟོ་བཀོད་ཅིག་ཡིན་པས། ཕྱོགས་གང་ཅིའི་ཐད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་མཐོང་ཆེན་བྱེད་དགོས། གཅིག་ནས་བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་སྒོས་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་ཁྲིམས་སྐྱོང་གི་ནུས་པའི་བར་སྟོང་སྔར་ལས་རྒྱ་བསྐྱེད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་མཁས་བྱེད་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བཅས་བྱེད་དགོས། གཉིས་ནས་གཏོར་བརླག་དང་འཛུགས་སྐྲུན་གྱི་རྩོད་སྒྲུབ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། བཅོས་སྒྱུར་ནི་རྙིང་པ་གཏོར་བརླག་དང་གསར་འཛུགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། གཏོར་བརླག་ནི་བྱེད་ཐབས་དང་འཛུགས་རྒྱུ་ནི་དམིགས་ཡུལ་ཡིན། ལམ་ལུགས་འཛུགས་སྐྲུན་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཏོར་བརླག་དང་འཛུགས་སྐྲུན་མཉམ་སྤེལ་དང་སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ་སྔར་ལས་མངོན་གསལ་ཅན་དུ་བཏང་སྟེ། གཏོར་བརླག་དང་འཛུགས་སྐྲུན་གཅིག་གྱུར་བྱེད་པའི་ཁྲོད་བཅོས་སྒྱུར་མགྱོགས་མྱུར་ངང་བརྟན་པོ་ཡོང་བར་བྱེད་དགོས། གསུམ་ནས་བཅོས་སྒྱུར་དང་སྒོ་འབྱེད་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་མཐོ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས། བཞི་ནས་བཀོད་སྒྲིག་དང་དོན་འཁྱོལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། བཅོས་སྒྱུར་གྱི་ཇུས་གཞི་ཇུས་འགོད་བྱེད་སྐབས་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། བཅོས་སྒྱུར་བྱེད་ཐབས་ཁག་ཚང་མ་མཐུན་སྦྱོར་ཆ་ཚང་ཡོང་བར་མཐོང་ཆེན་བྱས་ཏེ། བཅོས་སྒྱུར་ཁ་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། འགན་འཁྲི་གསལ་བོ་དང་སྦྲེལ་ཐག་ཆ་ཚང་བ། ཨ་ལོང་མུ་འབྲེལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཡིག་ཆ་གཏན་འབེབས་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། དོན་འཁྱོལ་ལ་ལྟ་སྐུལ་བྱེད་རྒྱུར་མཐོང་ཆེན་མི་བྱེད་པ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་མཁྲེགས་གཏོར་དཀའ་སེལ་དང་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་བསྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། འགལ་བ་དང་གནད་དོན་ལ་ཐད་ཀར་གདོང་གཏོད་པ་ལས་དེར་གཡོལ་ཐབས་མི་བྱེད་པ་དང་། གནད་དོན་གྱི་འབྱུང་རྩ་དྲུངས་ནས་འབྱིན་དགོས་པ་ལས་དེའི་སྣང་ཚུལ་ལ་མི་འཐམས་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་ཕྱིར་བཤོལ་མི་བྱེད་པ། བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།
རྩོམ་ཡིག་ལས་བསྟན་དོན། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་མཁའ་དབུགས་ལེགས་པོ་བསྐྲུན་དགོས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་དང་མཐུན་རྐྱེན་ཡོད་ཚད་ལ་སྐུལ་སློང་གང་ལེགས་བྱ་རྒྱུ་དེ་ནི། བཅོས་སྒྱུར་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་གལ་འགངས་ཆེན་པོ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》གྱི་དགོངས་དོན་ལ་གོ་བ་ཡང་དག་དང་གསལ་འགྲེལ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་བཅོས་སྒྱུར་ལ་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་འཛུགས་དགོས། བཅོས་སྒྱུར་གྱི་སྔོན་དཔག་ལ་ལུགས་མཐུན་གྱིས་ཁྲིད་སྟོན་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་བཅོས་སྒྱུར་དངོས་ཁྲོད་ཀྱི། ཁེ་ཕན་གྱི་འབྲེལ་བར་ལེགས་སྒྲིག་དང་མི་སྒེར་གྱི་ཁེ་གྱོང་དང་ཐོབ་ཤོར་ལ་ལྟ་སྟངས་ཡང་དག་འཛིན་པར་ཁྲིད་སྟོན་བྱེད་དགོས། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས། མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་བཅས་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་ཁོང་དུ་ཆུད་པར་བྱས་ནས་གླེང་ཕྱོགས་ཀྱི་མཉམ་ཤུགས་གྲུབ་པར་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注