ལིས་ཆང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ1པོའི་ཚེས2ཉིན་ཧྲན་ཏུང་ཅི་ནཱན་དུ་རྟོག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། དུས་ཚོད་ཆུད་ཟོས་སུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ལ་བརྟེན་ནས་གོ་སྐབས་དང་བྱ་བ་དམ་འཛིན་བྱེད་པ། སྲིད་ཇུས་སྔ་ས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། ལས་གཞིར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། བྱེད་ཐབས་ཀྱི་དངོས་འབྲས་མཐོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ད་ལོའི་དཔལ་འབྱོར་བྱ་བའི་འགོ་ཡག་པོར་ཚུགས་པར་འབད་པ་བྱེད་དགོས་ཞེས་གསུངས།
ལིས་ཆང་ཐོག་མར་ཅི་ནཱན་གྲོང་ཁྱེར་ཆོན་ཁྲུན་སྲང་ལམ་གྱི་ཅིན་ཏུང་གློག་ཆས་ཚོང་ཁང་དུ་ཕེབས་ནས་ཚོང་རྫས་ཉོ་མཁན་དང་བཙོང་མཁན་ལ་ཁ་བརྡ་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་དང་ཁ་པར་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་གྱི་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་དོན་འཁྱོལ་དང་འཛད་སྤྱོད་བྱ་བར་སྐུལ་འདེད་བཏང་བའི་སྙན་ཞུར་གསན་ཏེ། སྲིད་ཇུས་ལག་བསྟར་བྱས་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གནང་། ཁོང་གིས་བསྟན་དོན། འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེས་བྱེད་པ་དེས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་དགོས་མཁོ་སྐོང་བ་དང་། འཛད་སྤྱོད་ཀྱི་སྦས་ཤུགས་འདོན་པ། ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པ། དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ད་ལོར་མུ་མཐུད་དུ་སྲིད་ཇུས་འདི་ལག་བསྟར་ཡག་པོ་བྱེད་པ་དང་། རྒྱབ་སྐྱོར་ཤུགས་ཚད་དང་བེད་སྤྱོད་ཁྱབ་ཁོངས་སྔར་ལས་ཇེ་ཆེར་བཏང་ནས། ཁ་གསབ་མ་དངུལ་རྒྱུན་སྤྲོད་ལེགས་པོ་བྱེད་པ་དང་། སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་ཇུས་ལག་བསྟར་གྱི་གོ་རིམ་ལེགས་སྒྱུར་བྱེད་པ་དང་། ཐོན་རྫས་རྙིང་བ་ཕྱིར་བསྡུ་དང་ཐོན་རྫས་གསར་བ་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱིས་འཛད་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་དགོས། སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བཤད་ལ་ཤུགས་བསྣན་ནས། མང་ཚོགས་ཀྱིས་སྲིད་ཇུས་ལ་སྔར་ལས་རྒྱུས་ལོན་གསལ་བོ་བྱེད་པ་དང་དངོས་ཕན་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཞེས་གསུངས།
ཟླ1པོའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲན་ཏུང་ཅི་ནཱན་དུ་རྟོག་ཞིབ་གནང་། འདི་ནི་ལིས་ཆང་གིས་ཅི་ནཱན་གྲོང་ཁྱེར་ཆོན་ཁྲུན་སྲང་ལམ་གྱི་ཅིན་ཏུང་གློག་ཆས་ཚོང་ཁང་དུ་ཁྱིམ་སྤྱོད་གློག་ཆས་དང་ཁ་པར་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྣམ་པ་རེད།
རླངས་འཁོར་གྱི་གློག་ཆས་བརྗེ་སྤོར་དཔེ་སྟོན་ས་ཚིགས་སུ། ལིས་ཆང་གིས་གློག་ཆས་བརྗེ་སྤོར་སྒྲིག་ཆས་དང་བརྗེ་སྤོར་བྱེད་སྟངས་ལ་བལྟས་ནས། དེའི་ལག་རྩལ་གྱི་ཁྱད་ཆོས་དང་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ནུས་ཁུངས་ཚུལ་བསྒྱུར་དང་ནུས་ཁུངས་ལས་གཞི་གལ་ཆེན། རླངས་འཁོར་གྱི་གློག་ཆས་བརྗེ་སྤོར་དྲ་རྒྱ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་ཞུར་ཉན། ལིས་ཆང་གིས་བསྟན་དོན། རང་རྒྱལ་གྱི་རིག་ནུས་དྲ་རྒྱའི་ནུས་ཁུངས་གསར་བའི་རླངས་འཁོར་གཉེར་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ནས། གློག་ཆས་བརྗེ་སྤོར་གྱི་དགོས་མཁོ་མང་པོ་ཉར་གསོག་བྱས་ཡོད། སྔར་ལས་ལེགས་བསྡུས་ཞིབ་གཉེར་དང་བདེ་འཇགས། ལྗང་མདོག་བཅས་ལ་དམིགས་ནས། གསར་དར་ནུས་ཁུངས་ཀྱི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་དོ་དམ་མ་ལག་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ནུས་ཁུངས་ཚུལ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། བེད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། ལག་རྩལ་གསར་བ་དང་རྣམ་པ་གསར་བ་དོན་ཐོག་ཏུ་འཁྱོལ་བར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། འཕེལ་རྒྱས་སྒུལ་ནུས་གསར་བ་སྔར་ལས་སྟོབས་ཆེར་གཏོང་དགོས་ཞེས་གསུངས།
རྨ་ཆུའི་ལུས་རྩལ་ལྟེ་གནས་དང་། ཏཱ་སི་ཆུ་བོའི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞིའི་ཡུལ་དངོས་སུ། ལིས་ཆང་གིས་འཛུགས་སྐྲུན་འཕེལ་རིམ་ལ་ལྟ་ཞིབ་བྱས་ནས། ཅི་ནཱན་གྱི་སྒུལ་ནུས་གསར་རྙིང་བརྗེ་སྤོར་མགོ་ཚུགས་ས་དང་། ཧྲན་ཏུང་ཞིང་ཆེན་དང་ཅི་ནཱན་གྲོང་ཁྱེར་གྱི་ཆུ་དྲའི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན། ཁོས་ནན་གྱིས་བསྟན་དོན། ལུས་རྩལ་ར་བ་དང་དེང་རབས་ཆུ་དྲ་སོགས་ནི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡིན་པར་མ་ཟད་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡང་ཡིན། མ་དངུལ་དང་ས་ཞིང་སོགས་རྒྱུ་རྐྱེན་སོ་སོའི་འགན་སྲུང་ལ་ཤུགས་བསྣན་ནས། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། ལུས་རྩལ་ར་བ་འཛུགས་སྐྲུན་བྱེད་སྐབས་འགྲིམ་འགྲུལ་དང་མི་སྣ་ཁ་འགྲེམ་སོགས་ཀྱི་ཆ་སྡེབ་ནུས་པ་མཐོར་འདེགས་གཏོང་བར་དོ་སྣང་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་བྱེད་སྐབས་ཆུ་འདོན་སྦུག་དྲའི་འཆར་འགོད་རྣམ་པར་དོ་སྣང་བྱེད་ཅིང་། དེ་དང་མཉམ་དུ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དེ་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། ལས་གཞིའི་སྤུས་ཀས་ལོ་རྒྱུས་ཀྱི་ཉམས་སད་ཐེག་པར་ཁག་ཐེག་བྱེད་དགོས། ཞན་ཆ་ཁ་གསབ་དང་། ཤུགས་སྣོན་བྱེད་པ། དམངས་ཚིས་ལ་ཕན་པ་སོགས་ལ་དམིགས་ནས་ལས་གཞི་གལ་ཆེན་སྐོར་ཞིག་འཆར་འགོད་བྱེད་པ་དང་། དངུལ་གཏོང་རྒྱ་བསྐྱེད་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟུང་འབྲེལ་གྱི་གནས་ཡང་དག་བཙལ་ཏེ། ལས་གཞིའི་ཕྱོགས་བསྡུས་ཕན་འབྲས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས། ཆ་རྐྱེན་གང་ལེགས་བསྐྲུན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུ་སོགས་ཀྱི་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་མང་ཚོགས་མང་པོ་བསྡུ་འགུག་བྱས་ནས། འཕེལ་རྒྱས་ཀྱི་མཉམ་ཤུགས་གྲུབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཟླ1པོའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲན་ཏུང་ཅི་ནཱན་དུ་རྟོག་ཞིབ་གནང་། འདི་ནི་ལིས་ཆང་གིས་རྨ་ཆུའི་ལུས་རྩལ་ལྟེ་གནས་སུ་ལས་སྐྲུན་མྱུར་ཚད་ལ་ལྟ་ཞིབ་བྱེད་པའི་རྣམ་པ་རེད།
ལིས་ཆང་གིས་བསྟན་དོན། ཧྲན་ཏུང་ནི་དཔལ་འབྱོར་གྱི་ཞིང་ཆེན་ཆེ་གྲས་ཡིན་པའི་ཆ་ནས། འགན་འཁྲི་གཙོ་བོ་འཁུར་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཇུས་བྱེད་ཐབས་དང་བྱ་བའི་བཀོད་སྒྲིག་སྣ་ཚོགས་སྔ་མོ་ནས་དངོས་འབེབས་བྱས་ཏེ་ཕན་འབྲས་མཐོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལས་འབྲས་དངོས་ལ་བརྟེན་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་གསུངས།
ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注