ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་སོགས་ལ་སོང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིར་དྲན་བྱས།
2025ལོའི་ཟླ1པོའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལའོ་ཏུང་ཁྲོན་གཉིས་སྔ་གཞུག་ཏུ་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་དང་ཙོང་ཁ་དགོན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གནས་རྙིང་བཅས་ལ་སོང་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ་དང་འོད་སྟོང་འབར་བའི་ལོ་རྒྱུས་ཕྱིར་དྲན་བྱས། ཁོ་གཉིས་ཀྱིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་དམ་པོར་འཛིན་པ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་བྱེད་པའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་དེད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་ལམ་དང་རྒྱུགས་ཞུགས་ཀྱི་ལམ་དུ་བཟང་བོར་བསྐྱོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
སྔོན་གཤེགས་དཔའ་བོའི་བང་སོ་རུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕུལ་བའི་མེ་ཏོག་སི་ར་རྗེས་དྲན་རྡོ་རིང་གི་རྨང་སྟེགས་སྟེང་གྲལ་བསྒྲིགས་ནས་བཞག་ཡོད་པ་དང་། ཝུའུ་ཞའོ་ཅུན་གོམ་པ་དལ་མོས་མདུན་དུ་བསྐྱོད་དེ་སེམས་ཞིབ་མོས་གོས་ཐགས་ལེགས་སྒྲིག་བྱས་རྗེས། ལའོ་ཏུང་ཁྲོན་དང་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་ཕྱག་ཕུལ་བ་མ་ཟད། རྗེས་དྲན་རྡོ་རིང་ལ་བསྐོར་བ་བརྒྱབ་ནས་གུས་མཇལ་བྱས། དེའི་རྗེས་སུ་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་རྗེས་དྲན་ཁང་དུ་སོང་ནས། ཀྲུང་གོ་གསར་བ་འདི་ནས་ཡོང་བ་དང་ཡིད་རྟོན་གྱི་སྟོབས་ཤུགས་ཞེས་པའི་བརྗོད་དོན་འགྲེམ་སྟོན་ལ་ལྟ་སྐོར་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་ཞི་པའེ་ཕོ་ནས་པེ་ཅིང་དུ་རྒྱུགས་སྤྲོད་པར་བསྐྱོད་པ་དང་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཐད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ནུབ་ལམ་དམག་གི་དམག་མིས་རང་སྲོག་ལ་མ་འཛེམ་པར་དཔའ་སྐྱེད་དམག་འཐབ་བྱས་པའི་དཀའ་སྡུག་གི་ལོ་ཟླའི་གཏམ་རྒྱུད་ལ་ཞིབ་མོར་ཉན། ཁོ་གཉིས་ཀྱིས་བསྟན་དོན། ནུབ་ལམ་དམག་གི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་དམར་པོའི་གཞི་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་གྱི་གྲུབ་ཆ་གཙོ་བོ་ཡིན་པས། རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་དྲིལ་སྒྲོག་བྱེད་པ། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཟང་བོར་བཤད་པ། ངེས་པར་དུ་གསུམ་སེམས་ལ་བརྟན་པོར་འཛིན་པ། རྒྱུགས་སྤྲོད་ཀྱི་བློ་རིག་གསལ་བོ་དང་བློ་རྩ་བརྟན་པོ་ཡུན་སྲུང་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་འཛིན་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པར་བྱས་ནས། ང་ཚོ་མི་རབས་འདིའི་མཚོ་སྔོན་གྱི་མིས་དྲིན་བསམ་མདུན་སྐྱོད་བྱེད་པའི་རྒྱུགས་ལན་བཟང་བོ་སྤྲོད་དགོས།
ཙོང་ཁ་དགོན་ནི་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ཡིན་པ་དང་། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་འདི་ནས་གསར་བརྗེ་རྒན་རབས་པས་མི་རིགས་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤེལ་བའི་ལོ་རྒྱུས་ཀྱི་རྐང་རྗེས་ལ་ཕྱིར་ལྟ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་མངག་བཅོལ་གལ་ཆེན་ཕྱིར་དྲན་བྱས་ལ། སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐོར་སློབ་སྦྱོང་གི་གནས་ཚུལ་ལ་ཉན། འབྲེལ་ཡོད་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་གི་བདེན་དཔང་དེ་ཙོང་ཁ་དགོན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་། རིག་དངོས་ཡིག་ཚགས་དང་དམར་པོའི་ཡིག་ཆའི་བསྡུ་རུབ་ལེགས་སྒྲིག་དང་ཞིབ་འཇུག་འགྲེམ་སྟོན་བྱ་བ་རྒྱུན་མཐུད་ངང་སྤེལ་བ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ཀྱི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་པ། མཐོ་སྒང་གི་བུ་དང་བུ་མོའི་བརྩེ་བ་ཟབ་ཅིང་སོ་སྲུང་རོགས་རེས་བྱས་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་པའི་རེ་བ་བཏོན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ར་སྐོར་ནང་ཡོད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གནས་རྙིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བདེན་དཔང་བྱེད་ཐུབ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་སྔ་གཞུག་ཏུ་ཚོགས་ཁང་དང་ཟུར་བརྒྱད་ཚོམས་ཆེན། བྲག་ཕུག་བསྒྱུར་བཀོད་བྱས་པའི་མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་སྟོན་ཁང་བཅས་སུ་སོང་ནས། རིག་དངོས་རྩ་ཆེན་དང་ལོ་རྒྱུས་ཀྱི་འདྲ་པར་རེ་རེར་གསལ་བོར་བལྟས་ཤིང་གསལ་བོར་དྲིས་ནས། ཡུལ་དངོས་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པ། འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་པའི་བརྒྱུད་རིམ་མྱོང་བསམ་ཟབ་མོ་བྱས། ཁོ་གཉིས་ཀྱིས། མི་རབས་ནས་མི་རབས་ཀྱི་གུང་ཁྲན་ཏང་མིས་སྔོན་འགྱེལ་རྗེས་མཐུད་དང་དཔའ་སྐྱེད་འཐབ་འཛིང་བྱས་པ་དང་། དཀའ་སྤྱད་འབད་འཐབ་དང་སྒེར་མེད་བློས་གཏོང་བྱས་ནས། མཚོ་སྔོན་བཅིངས་འགྲོལ་བྱེད་པ་དང་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་བྱས་རྗེས་ཆེན་པོ་བཞག ང་ཚོས་ཤུགས་མཐུད་དབྱུག་པ་ལེན་པ་དང་། ཤུགས་མཐུད་འགྲན་བསྡུར་བཟང་བོ་བྱེད་པ། གཅིག་རྗེས་གཉིས་མཐུད་དུ་འབད་འཐབ་བྱེད་པ། འཆར་གཞི་བཟང་བོ་འགོད་པ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་བརྩེ་སེམས་དང་འགུལ་སྐྱོད་ལ་བརྟེན་ནས། འགོ་ཚུགས་ས་གསར་བའི་སྟེང་གསར་བརྗེ་སྔོན་རབས་པས་གསར་གཏོད་བྱས་པའི་རླབས་ཆེན་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། མིག་སྔར། ཞིང་ཆེན་གོང་འོག་ཡོངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པས། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་མདུན་སྐྱོད་ཀྱི་རིག་སྟོབས་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པར་བྱེད་པ། བློ་རྩ་སྔར་ལས་བརྟན་པོ་དང་སྔར་ལས་རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ནམ་ཡང་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ། མཉམ་དུ་ཕྱུག་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་འདྲ་མཉམ་དང་སྔར་ལས་མང་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕན་འདོགས་ཐུབ་པར་བྱེད་དགོས། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་གྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བ་དང་བཅོས་བསྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་རྒྱུན་ཆད་མེད་པར་གསར་སྣོན་བྱེད་པ་དང་བར་སྟོང་གསར་བ་རྒྱ་བསྐྱེད་པ། བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁག་ཁུར་འབད་འཐབ་བྱེད་ཕོད་པར་བྱེད་པ། ནམ་ཡང་སེམས་ཁྲལ་དང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དངོས་སྒྲུབ་ལེགས་བརྩོན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注