གསེར་དངུལ་ཐང་།

ཁྱུང་གཤོག༼མཚོ་ལྷོ༽

ཁྱེད་ནི་ནུབ་པར་གྱུར་པའི་ཞིང་ཁམས་ཤིག་ཡིན་ནམ།

མེས་པོ་དག་གི་ཞབས་རྗེས་འདི་ནས་རྒྱང་ལ་འཐེན་འདུག


སྟོན་རླུང་དང་འགྲོགས་པའི་ཁྱེད་རང་།

ངའི་སྐྲ་ལོའི་ཉག་མ་རེ་རེར་ཡུན་གྱིས་བབས།

རྒྱུས་ཡོད་དང་རྒྱུས་མེད་ཀྱི་ཆ་གང་ཡིན་ཡང་།

ཁ་ཁོག་བར་གྱི་རྒྱ་ཁྱོན་གཞལ་བ་ལྟར།

སྙིང་གི་འཕར་ལྡིང་རེ་རེར་བཙན་གྱིས་བརྒྱུས།


མོ་བློན་མཐོན་པའི་ཡང་རྩེར་འགྲེང་ན།

ཉི་འོད་ཀྱིས་བརྐྱངས་པའི་གསེར་དངུལ་ཐང་གི་ངོ་གདོང་རྙེད་ཐུབ།

དུས་ཚིགས་ཀྱིས་བཞེངས་པའི་གསེར་དངུལ་ཐང་གི་སྣང་ལྗོངས་མྱོང་ཐུབ།


དུས་ཚོད་འདིར།

བདག་གིས་སེམས་འདུན་མང་པོ་ཨུ་ཚུགས་ཀྱིས་བཏུས་ནས།

ཡིད་སེམས་གསོ་བའི་སྐད་ཆ་ཡོད་ཚད་སྤྱད་དེ།

སྲ་མཁྲེགས་ཀྱི་གྱང་མཁར་སྒོ་མེད་དུ་བརྩིགས་མོད།

གྱེས་གདུང་གི་ཆུ་རྒྱུན་རིང་མོས་ཐད་དུ་བཅད།

སྡུག་བསྔལ་གྱིས་བརྗེད་པའི་འདས་དོན་མཐའ་དག

གཏན་དུ་ཕྱིར་ལོག་མེད་པའི་ཚེ་སྲོག་གི་གཙང་བོར་འདྲེས།


སྐྱས་ལམ་རྡུལ་འཚུབ་བེར།

ཕྱུགས་རྗེས་མི་རྗེས་བསུབས་ཤིང་།

མི་རྗེས་དུས་ཚོད་ཀྱིས་བསུབས་པའི་དུས་དེ་དག

གཏན་དུ་ཕྱིར་ལོག་མེད་པའི་དྲན་ཤིང་ཁོ་ན།


ང་ཚོ་ལ་སྨོན་འདུན་ཅི་ཙམ་ཡོད་སྲིད།

གྱེས་བྲལ་གྱིས་གནང་བའི་གདུང་དབྱངས།

མིག་ཆུར་བརྒྱུས་པའི་གཏམ་རྒྱུད་སྐྱུར་མོ།

ཁ་རོག་གེར་རང་གི་བསྐོས་ཐང་ལག་ཟུང་དུ་གཉོར།

ལས་དབང་དུས་ཚོད་ལ་བཅོལ།


མོ་བློན་མཐོན་པོའི་འདབས་རོལ་ཏུ།

དངོས་ཡོད་ལ་ལེ་བདའ་ཞུ་མ་ཕོད་མོད།

འདས་སོང་ལ་ན་ཟུག་དང་འཕག་འཚག་ལོས་ཡོད།


འཇིག་རྟེན་འདིའི་ངོ་གདོང་ལ་ཞེ་ལོག་པ་ལྟར།

གནས་འདིའི་མུན་པར་བཀྱེད་ཙམ་བྱས།

གནས་འདིའི་རླུང་བུར་བཀྱེད་ཙམ་བྱས།

བག་ལ་ཞ་བའི་དྲན་ངོགས་ཀྱི་འདས་དོན་དག་ཀྱང་།

ཤུལ་དུ་བསྐྱུར་མ་ཕོད།

   ༢༠༢༣ལོའི་ཟླ༩པའི་ཚེས༢༢ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号