ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིས་པེ་ཅིན་དུ་ཐུག་འཕྲད་གནང་བ།
ཚེས18ཉིན་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས23པ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གོ་ཕྱོགས་ཀྱི་དམིགས་བསལ་འཐུས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་ཕྱོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི་དང་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་བ་ཏུའོ་ཝ་ཨེར་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་ལ་གཏིང་ཟབ་དང་དགེ་མཚན་ལྡན་པའི་འབྲེལ་གཏུག་གནང་བ་རེད།
ཝང་དབྱི་ཡིས་བཤད་རྒྱུར། ད་ལོའི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏི་རྣམ་གཉིས་ཀྱིས་ཁ་ཧྲན་དུ་ཕྱོགས་གཉིས་ཀྱི་ཐུག་འཕྲད་གནང་ནས། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་ཐོབ་པའི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་འགག་རྩའི་དུས་སྐབས་སུ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སླར་གསོ་དང་འཕེལ་རྒྱས་གཏོང་ཆེད་སྣེ་ཁྲིད་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེ་རིང་གི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ནི་ལོ་ལྔའི་རིང་གི་དམིགས་བསལ་འཐུས་མིའི་ཐུག་འཕྲད་ཐེངས་དང་པོ་དེ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་དང་། འབྱུང་འགྱུར་ལ་ཕྱོགས་པ། མཉམ་ལས་གཉིས་ཁེ་བཅས་ཀྱི་དགོངས་དོན་ཐོག་ནས། མཐའ་མཚམས་གནད་དོན་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་འོས་འཚམ་ཐོག་བཞག་སྟེ། ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྔ་མོ་ནས་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཏུའོ་ཝ་ཨེར་གྱིས་བཤད་རྒྱུར། རྒྱ་གར་དང་ཀྲུང་གོ་གཉིས་ལ་ཐུན་མོང་གི་ཁེ་ཕན་དང་འདྲ་མཚུངས་ཀྱི་ལྟ་སྟངས་མང་པོ་ཡོད་པས། ཞི་མཐུན་མཉམ་གནས་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས། འདས་ཟིན་པའི་ལོ5ཡི་རིང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མཐའ་མཚམས་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱུང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས། ཕན་འབྲས་ཐོན་པའི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། མཐར་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཟམ་མི་ཆད་པར་ཆ་རྐྱེན་གསོག་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས2005ལོར་གྲོས་མཐུན་བྱུང་བའི་ཆབ་སྲིད་མཛུབ་ཁྲིད་ཀྱི་རྩ་དོན་གཞིར་བཟུང་། དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་མཐའ་མཚམས་གནད་དོན་ཐག་གཅོད་ཇུས་གཞི་ཆ་ཚང་ཞིག་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་རེད། དུས་མཚུངས་སུ་སྔོན་སླ་རྗེས་དཀའ་དང་རིམ་བགྲོད་གོང་འཕེལ་གྱི་སྙིང་སྟོབས་ལ་བརྟེན་ནས། རྗེས་མའི་ལས་ཀའི་ལམ་རིས་ཆགས་པར་བྱེད་དགོས། ཕྱོགས་གཉིས་ཀྱིས་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མི་ཐུག་འཕྲད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཐའ་མཚམས་ཀྱི་དུས་བབ་རྒྱུན་གཏན་ཅན་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注