ཟླ12པའི་ཚེས19ཉིན་གྱི་དགོང་མོར། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དེ་ཨའོ་མོན་གྱི་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ཤིང་། དགོང་ཚོགས་ཀྱི་མཇུག་ཏུ་ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དེ་ཚེས་19ཉིན་གྱི་དགོང་མོར་ཨའོ་མོན་གྱི་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་རེད།
འཁྲབ་སྟོན་བྱ་ཡུལ་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོ་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཡོད། ཆུ་ཚོད20ཡོལ་ཙམ་ལ། དགའ་སྤྲོའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་བསྟུན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེན་དང་ལྕམ་མོ་ཀྲེན་སུའུ་ཀྲེན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་དགོང་ཚོགས་སུ་ཕེབས་པ་རེད། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་རྣམས་ཡར་ལངས་ནས་ཐལ་མོ་རྡེབ་པ་དང་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
གར་སྟེགས་ཐོག་གསེར་གྱི་པད་མའི་མེ་ཏོག་རབ་ཏུ་བཞད། 《ང་དང་ངའི་མེས་རྒྱལ》དང《དོ་ནུབ་གཉིད་དུ་མེད》ཅེས་པའི་རོལ་དབྱངས་དཀྲོལ། 《བུ་བདུན་གྱི་གླུ་དབྱངས》ཞེས་པའི་བརྩེ་དུང་ཟབ་མོའི་འགྱུར་ཁུག་ཁྲོད། ཨའོ་མོན་གྱི་གྲོང་མིའི་འཐུས་མི་རྒན་དར་གཞོན་གསུམ་གྱིས་ཨའོ་མོན་དང་མཉམ་དུ་འཚར་ལོངས་བྱུང་བའི་ཐོབ་སྣང་དང་སྐྱིད་སྣང་ལྷུག་པོར་བརྗོད། ལང་ཚོའི་ཉམས་འགྱུར་མངོན་པའི་གླུ་གར《ཨའོ་མོན་སྐུ་ཁམས་བཟང》ཞེས་པའི་ནང་དུས་ཆེན་གྱི་ཉམས་འགྱུར་ཟབ་མོ་མངོན་པ་དང་། རོལ་ཆའི་ཐོག་ནས་འཁྲབ་སྟོན་བྱས་པའི《མེ་ལོང་ངོས་ཀྱི་མཚོ་གཟུགས》ཞེས་པའི་འགྱུར་ཁུག་སྙན་འཇེབས་ལྡན་ལ། བརྗོད་དོན་ཆེན་པོའི་ཐོག་ནས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་འཆར་གཞི་མངོན་པར་བྱས། རོལ་དབྱངས་ཟློས་གར་ཐུང་གྲས《“AI”ཡི་ཧེང་ཆིན》ཞེས་པ་དེས་ཨའོ་མོན་གྱི་ཡུལ་མིའི་ལྟ་ཕྱོགས་ཐོག་ནས་ཧེང་ཆིན་གྱི་ཀོང་ཏུང་དང་ཨའོ་མོན་མཉམ་ལས་གཏིང་ཟབ་ཁུལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་མངོན་པ་དང་། ཀོང་ཏུང་གི་གླུ་གཞས《མཚོ་ངོས་ཀྱི་པད་མའི་མེ་ཏོག་དང་ཟླ་བ》ཞེས་པ་དེས་སྲོལ་རྒྱུན་གྱི་ཀོང་ཏུང་གི་ཡུའེ་ཅུ་ཟློས་གར་དང་གླུ་གར་མཉམ་འདྲེས་བྱས་ནས། ཞི་མཐུན་དང་བདེ་སྐྱིད་ལྡན་པའི་ཨའོ་མོན་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་རེ་སྒུག་མཚོན་པ་དང་། ཞབས་བྲོ《སེང་གེའི་ཤར་ཕྱོགས་སུ་མཆོངས》ཅེས་པ་དང་གླུ་གཞས《སྒྲུང་གི་འབྱུང་གནས》ཞེས་པ་དེས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རང་རྟོགས་ཀྱི་ཡིད་ཆེས་མཚོན་པར་བྱས་ཡོད། གནས་ཚུལ་ཞིབ་བརྗོད《མེས་རྒྱལ་དང་མཉམ་དུ་འཚར་ལོངས་བྱུང་བ》ཞེས་པའི་ནང་། དུས་རབས་གསར་པའི་ཨའོ་མོན་འཕེལ་རྒྱས་ཀྱི་མི་སེམས་འགུལ་བའི་དུས་སྐབས་གསོན་ཉམས་དོད་པོས་མཚོན་པ་དང་། མཉམ་ལེན《ང་ཁྱེད་ལ་དགའ། ཀྲུང་གོ》ཞེས་པའི་གླུ་གཞས་བཏང་ནས། ཨའོ་མོན་སྤུན་ཟླས་མ་ཡུམ་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་མཚོན་པར་བྱས། དགོང་ཚོགས་ཧྲིལ་པོར་ལྟད་མོ་ཤིན་ཏུ་ཆེ་བ་དང་དགའ་སྤྲོའི་མཐོ་རླབས་ཡང་ཡང་འཕྱུར་ནས་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
དགོང་ཚོགས་མཇུག་ཏུ། ཞི་ཅིན་ཕིང་གིས་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་ནས། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། ཨའོ་མོན་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ལ་ཕྱག་གཡུག་གཡུག་བྱས་ཏེ་གུས་ལན་ཞུས་པས། གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ནས་དགོང་ཚོགས་ཀྱི་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།
ཚའེ་ཆི་དང་ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥིན། ཝང་ཞའོ་ཧུང་། ཝང་ཏུང་ཧྥིན། ཞ་པའོ་ལུང་སོགས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན། དེ་བཞིན་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་དང་དམིགས་བསལ་གདན་ཞུའི་སྐུ་མགྲོན་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注