ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་དེ《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་གནང་ཞིང་། 2025ལོའི་ཟླ1པོའི་ཚེས20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་དགོངས་དོན་དོན་འཁྱོལ། ཁྲིམས་འཛིན་ནན་མོ་དང་ཚད་ལྡན་དྲང་གཞག་ཚུལ་མཐུན་བཅས་ཡོང་བར་སྐུལ་འདེད། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་པར་འགན་སྲུང་བཅས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་ཀྱི་སྲིད་འཛིན་ཁྲིམས་སྲོལ་ལ་གཙང་བཤེར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ21གི་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱེད་པའི་གྲོས་ཐག་བཅད་དེ་སྲིད་འཛིན་ཁྲིམས་སྲོལ4མེད་པར་བཟོས།
《སྨན་བཅོས་ཡོ་བྱད་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ5ལ་བཟོ་བཅོས་བྱས་ཏེ། བཀོལ་སྤྱོད་མི་བྱེད་པའི་ལས་ཁུངས་ཀྱི་མིང་དང་། སྒྱུར་བཅོས་བྱས་ཟིན་པའི་ལས་ཁུངས་ཀྱི་མིང་། འགན་འཁྲི་གཞན་སྒྱུར་དང་འབྲེལ་བ་ཡོད་པའི་ལས་ཁུངས་ཀྱི་མིང་བཅས་ལེགས་སྒྲིག་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། མིག་སྔའི་རང་རྒྱལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་གྱི་ལག་ལེན་དང་སྔར་ལས་ལེགས་པའི་ངང་འཚམ་པར་བྱས་ཡོད།
《དཔེ་སྐྲུན་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ6ལ་བཟོ་བཅོས་བྱས་པ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཆད་གཅོད་པའི་དོན་ཚན་ཁག་གཅིག་མེད་པར་བཟོ་བ་དང་ལེགས་སྒྲིག་བྱེད་པའི་སྐོར་གྱི་གཏན་འབེབས》 གཞིར་བཟུང་སྟེ། འབྲེལ་ཡོད་ཆད་པ་གཅོད་པའི་རིགས་དང་ཚད་གཞིར་བཟོ་བཅོས་འོས་འཚམ་བྱས་པ་དང་། དངུལ་ཆད་ཀྱི་གྲངས་ཀ་དང་རྩིས་རྒྱག་སྟངས་ལེགས་སྒྲིག་བྱས་པ། དྲང་གཞག་ཚུལ་མཐུན་གྱི་སྒོ་ནས་ཁྲིམས་འཛིན་ནན་མོ་དང་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་ནས། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ཡོད།
《དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ཚོང་གཉེར་བྱ་ཡུལ་གྱི་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ7ལ་བཟོ་བཅོས་བྱས་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གནས་སྐབས་སུ་ལེགས་སྒྲིག་དང་བེད་སྤྱོད་བྱེད་པའི་ཚོད་ལྟའི་ལེགས་འགྲུབ་ཉམས་མྱོང་ཁྱབ་གདལ་བཏང་བ་དང་། ཞིབ་མཆན་འགོད་པའི་དོན་ཚན་ཁག་ཅིག་མེད་པར་བཟོས་ཤིང་། ཞིབ་མཆན་འགོད་པའི་དོན་ཚན་ཁག་ཅིག་ཐོ་འགོད་སྙན་སེང་ཞུ་བའི་དོ་དམ་ལ་བསྒྱུར་ནས། གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱ་རྒྱུ་རེད།
གཞན་ཡང་སྲིད་འཛིན་ཁྲིམས་སྲོལ3ལ་བཟོ་བཅོས་བྱས་ནས། འབྲེལ་ཡོད་གཞུང་ཡིག་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སྟབས་བདེ་རུ་བཏང་བ་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཡིག་ཆ་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ཡོད།
དུས་མཚུངས་སུ《རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་དང་དེའི་ལས་སྒྲུབ་སྒྲིག་གཞིའི་གནད་དོན་འགའ་ཤས་སྐོར་གྱི་གཏན་འབེབས》སོགས་སྲིད་འཛིན་ཁྲིམས་སྲོལ4མེད་པར་བཟོས་ནས། མིག་སྔའི་དཔལ་འབྱོར་སྒྲིག་སྲོལ་གྱི་འགྱུར་ལྡོག་དང་། བཅོས་སྒྱུར་དང་འཕེལ་རྒྱས་གཏོང་བའི་ལག་ལེན་དངོས་ཀྱི་དགོས་མཁོ། དེ་མིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དོན་དངོས་བཅས་དང་སྔར་ལས་མཐུན་པར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ་མ་ལག་གི་ཕན་ནུས་རང་བཞིན་འགན་སྲུང་ལེགས་པོ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注