ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།
ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས11ཉིན་ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཁྲོད་དུ2024ལོའི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་གནང་བ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གནང་བར་མ་ཟད། 2025ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གནང་། ལིས་ཆང་གིས་སྤྱི་སྡོམ་གསུང་བཤད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ནས་བླང་བྱ་བཏོན།
གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་གནས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བབ་བརླིང་ངང་བབ་བསྟུན་དང་ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་བརླིང་ཡིན་ལ་དཔལ་འབྱོར་བརྟན་པོའི་ངང་ནས་འཕེལ་རྒྱས་བྱུང་ཡོད་ཅིང་། སྤུས་ཚད་མཐོ་བའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བྱས་ཡོད་པའི་དབང་གིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱེད་རྩིས་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཟབ་དུ་ཕྱིན་པ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་རྒྱུ་ཚད་ལྡན་དང་ནུས་ལྡན་བྱུང་བ། དམངས་འཚོའི་འགན་ལེན་ཏན་ཏིག་དང་ནུས་ལྡན་བྱུང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་བརྟན་པོར་སྤོས་ཡོད། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་ལ་དེར་ཐོབ་པའི་གྲུབ་འབྲས་ནི་མི་རྣམས་ལ་སྐུལ་ལྕག་ནུས་ལྡན་ཐེབས་ཡོད། ལྷག་པར་དུ། ཟླ9པའི་ཚེས26ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་དུ། འཕར་ཚད་ཀྱི་སྲིད་ཇུས་མང་པོ་ཞིག་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་པར་བརྟེན། སྤྱི་ཚོགས་ཀྱི་ཡིད་ཆེས་ནུས་ལྡན་ངང་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་སླར་གསོའི་ལས་དོན་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།
གྲོས་ཚོགས་ལས་བསྟན་དོན། མིག་སྔར་ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཆེ་རུ་ཕྱིན་པ་དང་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་ཅིང་། ཆེས་གཙོ་བོ་ནི་རྒྱལ་ནང་གི་དགོས་མཁོ་མི་འདང་བ་དང་ཁེ་ལས་ཁག་ཅིག་གི་ཐོན་སྐྱེད་གཉེར་སྐྱོང་དཀའ་ངལ་ལ་འཕྲད་ཡོད་ཅིང་། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་གནོན་ཤུགས་འཕྲད་ཡོད་པར་མ་ཟད། ཉེན་ཁ་དང་འགལ་རྐྱེན་སྔར་བཞིན་མང་བ་བཅས་ནི་གཙོ་བོ་རེད། དུས་མཚུངས་སུ། རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡིན་པ་དང་དགེ་མཚན་མང་བ། མཉེན་ཤུགས་ཆེ་བ། སྦས་ཆེ་བ་བཅས་ཀྱི་དགེ་མཚན་ལྡན་པའི་དབང་གིས། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་ངེས་པར་དུ་ཤེས་དགོས། ང་ཚོས་དཀའ་ངལ་ལ་མཐོང་ཆེན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་གང་ཐུབ་བྱེད་དགོས།
གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ལག་ལེན་དངོས་ཀྱི་ཁྲོད་དུ་ང་ཚོས་དཔལ་འབྱོར་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་སྤེལ་བཏང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། གནད་འགག་གི་དུས་སྐབས་སུ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་སྟངས་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་གཟིངས་ཆེན་གྱིས་རླུང་བརྟེན་རླབས་གཤགས་དང་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་ཐུབ་པར་འགན་ལེན་ནུས་ལྡན་བྱས་ཡོད། ཕན་ནུས་ལྡན་པའི་ཚོང་ར་དང་ཕན་ནུས་ལྡན་པའི་སྲིད་གཞུང་བར་གྱི་འབྲེལ་བ་ངེས་པར་དུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། “གློད་ཐུབ་པ་”དང་“དོ་དམ་བྱེད་ཐུབ་པའི”དཔལ་འབྱོར་སྒྲིག་ལམ་ངང་གིས་གྲུབ་པར་བྱེད་དགོས། ངེས་པར་དུ་སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ནས། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་གེགས་མེད་ཡོང་བར་བྱེད་དགོས། འགུལ་ནུས་གསར་པ་གསོ་སྐྱོང་དང་འགུལ་ནུས་རྙིང་པ་གསར་སྒྱུར་གྱི་འབྲེལ་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། འཕར་ཚད་ཇེ་ལེགས་སུ་གཏོང་བ་དང་གསོག་ཚད་གང་འགབ་ཅི་སྤྱོད་ཀྱི་འབྲེལ་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ངེས་པར་དུ་སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེ་རུ་གཏོང་བའི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཅིས་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྔོན་དུ་འཛིན་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཕྱོགས་ཡོངས་བཅས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོག་ཁང་དང་ཁྲོམ་རའི་མ་རྐང་བརྟན་པོ་ཡོང་བར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་བརྡབ་གསིག་ལ་དོགས་ཟོན་དང་མེད་པར་བཟོ་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་བཅས་ལ་བརྟེན་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།
གྲོས་ཚོགས་ལས་བསྟན་དོན། སང་ལོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ལས་ཞུགས་དང་དངོས་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་ཡོང་སྒོ་དང་འགྲོ་སྒོ་གཞི་རྩའི་ཆ་ནས་དོ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཡུལ་མིའི་ཡོང་འབབ་འཕར་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གོམ་སྟབས་གཅིག་མཚུངས་ཡོང་རྒྱུར་སྐུལ་འདེད་བཅས་གཏོང་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། སང་ལོར་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བདེན་སྲུང་གསར་གཏོད་དང་སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ། སྲིད་ཇུས་ཀྱི་ལག་ཆའི་སྒམ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་གི་སྔོན་མཐོང་རང་བཞིན་དང་དམིགས་འབེན་རང་བཞིན། ནུས་ལྡན་རང་བཞིན་བཅས་མངོན་སུམ་ཆེ་རུ་གཏོང་དགོས།
སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་དགོས། ནོར་སྲིད་མཚལ་ཡིག་གི་ཚད་གཞི་སྔར་ལས་ཇེ་མཐོར་བཏང་སྟེ། ནོར་སྲིད་ཀྱི་སྲིད་ཇུས་ལ་མུ་མཐུད་ཤུགས་རྒྱག་པ་དང་སྔར་ལས་ལྷག་པའི་སྟོབས་ཤུགས་འདོན་པར་འགན་ལེན་བྱེད་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་ཆེ་རུ་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། ཡུན་རིང་ཚད་བརྒལ་གྱི་དམིགས་བསལ་རྒྱལ་བུན་འགྲེམས་ཚད་ཇེ་མང་དུ་གཏོང་བ་དང་། “ལྕི་མོ་གཉིས”ཀྱི་ལས་གཞི་དང“གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་གཏོང་ཚད་སྔར་ལས་ཇེ་མང་དུ་བཏང་ནས། མ་དངུལ་གཏོང་ཡུལ་དང་ལས་གཞིའི་མ་རྩ་ཡི་ཁྱབ་ཁྱོན་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་དང་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་དོ་སྣང་ཆེན་པོ་བྱས་ཏེ། གཞི་རིམ་གྱི་“འགན་སྲུང་གསུམ”གྱི་མ་མཐའི་ཚད་མཐའ་བསྲུང་དགོས། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་ངན་ངོན་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
ལྷུག་པོ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཡོ་བྱད་ཀྱི་བསྡོམས་འབོར་དང་གྲུབ་ཚུལ་ཕྱོགས་གཉིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། དུས་བབ་དང་བསྟུན་ནས་སྐྱེད་ཀ་གཅོག་པ་དང་འཁོར་རྒྱུག་རང་བཞིན་འདང་ངེས་སྲུང་འཛིན་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་དང་དངུལ་ལོར་མཁོ་སྤྲོད་བྱེད་འབོར་འཕར་ཚད་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་གི་སྤྱིའི་ཆུ་ཚད་སྔོན་དཔག་དམིགས་འབེན་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་འབད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་དུ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས། ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དང་དངུལ་རྩ་བརྟན་པོ་ཡོང་བའི་ནུས་པ་འཚོལ་ཞིབ་དང་རྒྱ་སྐྱེད་གཏོང་རྒྱུ་དང་། དངུལ་རྩའི་ལག་ཆ་གསར་གཏོད་བྱེད་པ། དངུལ་རྩའི་ཚོང་ར་བརྟན་པོ་ཡོང་བར་སྲུང་སྐྱོབ་བཅས་བྱེད་དགོས།
སྲིད་ཇུས་ཀྱི“སྡེབ་སྒྲིག་བྱེད་ཐབས་”ལེགས་པོ་སྤྱོད་དགོས། ནོར་སྲིད་དང་དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཉོ་ཚོང་། ཁོར་ཡུག་སྲུང་སྐྱོབ། ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྡེ་ཁག་བར་གྱི་ཕན་ལྡན་འབྲེལ་འདྲིས་དང་གྲོས་མོལ་ཨ་ལན་སྟེར་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྲིད་ཇུས་ཀྱི་འགྲིལ་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྤྱི་ཁོག་སྲིད་ཇུས་ཀྱི་ལེན་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་འཇོག་ཁྲོད་འཇུག་རྒྱུ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་གྱི་གོ་རིམ་ཧྲིལ་པོར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྲིད་ཇུས་ཀྱི་ཡོངས་ཁྱབ་ཕན་ནུས་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་གཏན་འཁེལ་བྱས་དོན། སང་ལོར་གཤམ་གྱི་ལས་འགན་གལ་ཆེན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་འཇོག་པའི་ཕན་འབྲས་ཆེ་རུ་བཏང་སྟེ་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་གཏོང་དགོས། འཛད་སྤྱོད་ཡར་སྐུལ་བྱེད་པའི་ཆེད་དམིགས་བྱེད་སྒོ་ལག་བསྟར་ཡག་པོ་བྱས་ཏེ། ཡོང་འབབ་དམའ་འབྲིང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། འཛད་སྤྱོད་ནུས་པ་དང་འདོད་མོས། རིམ་པ་བཅས་མངོན་སུམ་ཆེ་རུ་གཏོང་དགོས། ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་ཡི་འཚོ་བའི་མ་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་བའི་མ་དངུལ་ཇེ་མཐོར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་དགོས། “གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ་དང་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསར་སྤེལ་དཔལ་འབྱོར་དང་གངས་འཁྱག་དཔལ་འབྱོར། དངུལ་གཏོང་་དཔལ་འབྱོར་བཅས་འཕེལ་རྒྱས་གང་ལེགས་གཏོང་དགོས། གོང་ནས་འོག་བར་རྩ་འཛུགས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། “ལྕི་མོ་གཉིས་ཀྱི”ལས་གཞིའི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་འཇོག་གྲངས་འཕར་སྣོན་འོས་འཚམ་གཏོང་དགོས། ནོར་སྲིད་དང་དངུལ་རྩའི་གཞོགས་འདེགས་ལ་ཤུགས་བསྣན་ཏེ། སྲིད་གཞུང་གིས་མ་དངུལ་གཏོང་བར་བརྟེན་ནས་སྤྱི་ཚོགས་ཀྱིས་མ་དངུལ་གཏོང་པར་སྐུལ་ཁྲིད་ནུས་ལྡན་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་གཞི་གལ་ཆེན་ལ་སྔ་མོ་ནས་ཇུས་འགོད་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་ཤུགས་ཆེན་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་མ་རྩ་ཆུང་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་དགོས།
གཉིས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། རྨང་གཞིའི་ཞིབ་འཇུག་དང་གནད་འགག་དང་སྲོག་ཤིང་གི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གྱི་ལས་གཞི་གལ་ཆེན་དེང་བརྒལ་རྣམ་པའི་ངོས་ནས་བཀོད་སྒྲིག་གང་ལེགས་བྱེད་པ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པའི་ཡུལ་རྣམ་གསར་པ་གཞི་ཁྱོན་ཆེན་པོས་ཉེར་སྤྱོད་དཔེ་སྟོན་བྱེད་པའི་ལས་སྒོ་སྤེལ་བ་བཅས་བྱེད་དགོས། “མིས་བཟོས་རིག་ནུས་ཀྱི་བྱ་སྤྱོད་སྤེལ་ནས་མ་འོངས་པའི་ཐོན་ལས་སྐྱེད་སྲིང་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མང་བའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ངང་རྒྱུད་རིང་པོའི་སྒོ་ནས་མ་རྩ་ཇེ་མང་དུ་གཏོང་བ། ནུས་ཤུགས་སྔར་ལས་ཆེན་པོའི་སྒོ་ནས་སྤྱི་ཚོགས་ཀྱི་མ་རྩ་ལས་སྐྲུན་དངུལ་གཏོང་ཁྲོད་ཞུགས་རྒྱུའི་ཡིད་དབང་འགུགས་ཅི་ཐུབ་བྱེད་པ། གསར་གཏོད་རྣམ་པའི་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བཅས་བྱེད་དགོས། “ནང་ལོག་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་དགོས། གཞི་གྲངས་ལག་རྩལ་དང་ལྗང་མདོག་ལག་རྩལ་འབད་པས་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་དགོས།
གསུམ་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་སྤྱོད་སྤུས་ཚད་མཐོན་པོའི་སྒོ་ནས་ཡོངས་འགྲུབ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འདོན་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་ཡོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲིད་སྟོན་གཏན་འབེབས་བྱེད་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ལས་སྟེགས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་ལ་གཅིག་གྱུར་སྒོས་སྐུལ་སྤེལ་བཏང་ནས་ས་གནས་ཀྱི་རང་བདག་ནོར་ཤུགས་ཆེ་རུ་གཏོང་དགོས། མ་རྩའི་ཁྲོམ་རའི་དངུལ་གཏོང་དང་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་པའི་འགག་གནད་ཤར་གཏོང་ཐུབ་པར་བྱས་ཏེ། མ་རྩའི་ཁྲོམ་རའི་ལམ་ལུགས་ཀྱི་བསྟུན་མཁས་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས།
བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་བྱེད་དགོས། རང་བརྟེན་སྒོ་འབྱེད་དང་ཕྱོགས་རྐྱང་པའི་སྒོ་འབྱེད་གོ་རིམ་ལྡན་པའི་ངང་རྒྱ་ཆེ་རུ་གཏོང་རྒྱུ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་བཅོས་སྒྱུར་གྱི་ལས་འགན་སྤྲོད་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་གཙོ་གནད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་བྱེད་དགོས། ཞབས་ཞུའི་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་། གཞི་གྲངས་ཉོ་ཚོང་བཅས་འཕེལ་རྒྱས་གང་ལེགས་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་པའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ།“ཀྲུང་གོར་མ་དངུལ་གཏོང་བའི”སྤུས་རྟགས་རྒྱུན་མཐུད་ངང་བསྐྲུན་དགོས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཟབ་སྤེལ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དང་ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས།
ལྔ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ནས་སེལ་ཏེ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་པོ་སྲུང་དགོས། ས་ཁང་བདག་ཁོངས་ཀྱི་ཚོང་ར་མར་ཆག་པ་དང་བརྟན་པོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཉེན་ཁང་རྙིང་པ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ས་ཆ་གསར་དུ་འཕར་རིགས་མཁོ་སྤྲོད་བྱེད་པར་ཚོད་འཛིན་ལུགས་མཐུན་བྱེད་རྒྱུ་དང་། གསོག་འཇོག་ས་ཆ་དང་ཚོང་གཉེར་ཁང་པ་གང་འགབ་ཅི་སྤྱོད་བྱེད་དགོས། ཚོང་ཟོག་སྡོད་ཁང་གསོག་འབོར་ཐག་གཅོད་བྱ་བར་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་། འབྲེལ་ཡོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་དགོས། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་ལས་མཉམ་འབྲེལ་གྱི་སྒོ་ནས་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་གཏོང་དགོས།
དྲུག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་ཚད་མཐའ་དམ་སྲུང་དང་རྨོ་ཞིང་བཟུང་གསབ་དོ་སྙོམས་བྱ་བར་དོ་དམ་ནན་མོ་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་འདེབས་མཁན་ཞིང་པ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཧུར་སེམས་ལ་སྲུང་སྐྱོབ་བྱས་ནས། འབྲུ་རིགས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ལས་རིགས་དར་སྤེལ་གཏོང་བ་དང་རྫོང་སྟོབས་ལྡན་དུ་གཏོང་བ། དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། དེང་རབས་ཅན་གྱི་གྲོང་ཁྱེར་ཚོགས་པ་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་ཆེན་པོའི་རིགས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།
བདུན་ནས་ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ཀྱི་རྩེག་སྣོན་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། འཕར་གཞི་གསར་པ་སྐྱེད་སྲིང་གང་ལེགས་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ས་ཁོངས་ཀྱི་གསར་གཏོད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་ལས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་དང་། ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་པ་དང་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་པར་བསྔགས་སྐུལ་བྱེད་དགོས། ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་ཀྱི་ཐོན་ལས་རོགས་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་། རྒྱ་མཚོའི་དཔལ་འབྱོར་དང་མཚོ་ཁུགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
བརྒྱད་ནས་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྷད་མེད་ཀྱི་ཕྱོགས་སུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་དགོས། ལྗང་མདོག་ཐཱན་ཉུང་དང་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་བསྐྲུན་ནས། ལྗང་མདོག་བཟོ་སྐྲུན་སོགས་ཀྱི་འཕར་གཞི་གསར་པ་གསོ་སྐྱོང་བྱེད་དགོས། “བྱང་གསུམ”བཟོ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་རྒྱུ་དང་། “བྱེ་ཐང་དང་ཐང་རྒོད”ཀྱི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། ཐཱན་མེད་གླིང་ཁུལ་ཁག་ཅིག་བཙུགས་ནས་རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་དང་ཐཱན་མཚོན་རྟགས་དཔང་དཔྱད་ལམ་ལུགས་འཛུགས་དགོས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་སུ་སྲུང་སྐྱོང་བྱེད་པའི་དམག་འཐབ་བསྟུད་མར་ཟབ་སྤེལ་གཏོང་དགོས། སྲ་གཟུགས་སྙིགས་རོར་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་བཟོ་དགོས། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་དགོས། རང་བྱུང་གནོད་སྐྱོན་འགོག་བཅོས་ཀྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
དགུ་ནས་དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། སྐྱིད་ཚོར་བཅས་སྔར་ལས་ཆེ་རུ་གཏོང་དགོས། ཁྱབ་ཁོངས་གཙོ་བོ་དང་ལས་རིགས་གཙོ་བོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་། ཚོགས་སྤྱི་གཙོ་བོའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། གཞི་ཁྱོན་རང་བཞིན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་གནས་ཚུལ་མི་ཐོན་པར་འགན་ལེན་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས། འོས་འགན་སློབ་གསོའི་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་དངོས་གཞིའི་ཚན་ཁག་གི་ཤོང་རྒྱ་ཇེ་ཆེར་གཏོང་བར་སྐུལ་འདེད་ནན་མོ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། བྱིས་པ་སྐྱེ་བའི་སྲིད་ཇུས་ལ་སྐུལ་སྤེལ་གཏོང་དགོས། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོ་འཕེལ་རྒྱས་གཏོང་བ་དང་། ཀུན་ཕན་རྒན་གསོའི་ཞབས་ཞུ་རྒྱ་སྐྱེད་གཏོང་བ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་པའི་བདེ་འཇགས་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། རང་འགུལ་གྱིས་ཏང་ཀྲུང་དབྱང་གིས་གནས་བབ་ཐད་འཛིན་པའི་ཚན་རིག་གི་བརྡར་གཅོད་བཀོལ་ཏེ་བསམ་བློ་གཅིག་གྱུར་དང་། བློ་རྩ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། གནས་བབ་ཆེན་པོ་ཁོང་དུ་ཆུད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། དཀའ་ཁག་ལ་གདོང་གཏོད་པ་དང་རིག་ལམ་གསལ་བོ་བྱེད་དགོས། སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམིགས་འབེན་སྣེ་སྟོན་ལ་དོ་སྣང་བྱེད་པ་དང་། བརྟན་པོར་འཕར་སྣོན་དང་བརྟན་པོར་ལས་ཞུགས། དངོས་གོང་ལུགས་མཐུན་གྱིས་ཡར་འཕར་བའི་ལེགས་སྒྱུར་སྡེབ་སྒྲིག་ཤུགས་ཆེན་པོས་མངོན་འགྱུར་བྱེད་དགོས། སྲིད་ཇུས་ཀྱི་བྱེད་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། གོ་སྐབས་དང་ནུས་ཚད་གཙོར་འཛིན་པ་དང་། བྱ་བ་ཁག་སོ་སོ་སྔ་མོ་བསྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱས་ནས། ནུས་ཚད་འདང་ངེས་ཡིན་པར་ཁག་ཐེག་བྱ་དགོས། མ་ལག་གི་བསམ་གཞིགས་ཤུགས་དྲག་ཏུ་བཏང་སྟེ། སྲིད་ཇུས་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་རིགས་སོ་སོ་གཞོགས་འདེགས་མཐུན་སྦྱོར་བྱེད་པར་དོ་སྣང་བྱས་ནས། སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། གནད་འགག་གི་གོ་རིམ་དམ་འཛིན་བྱས་ཏེ་སང་ལོའི་དཔལ་འབྱོར་བྱ་བའི་གཙོ་གནད་ལས་འགན་ལེགས་འགྲུབ་བྱེད་དགོས་ཏེ། དགོས་མཁོ་འདང་ངེས་མིན་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་ནས། ནང་མཁོ་དང་ལྷག་པར་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོ་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས། ཚོད་འཛིན་འཕེལ་རྒྱས་ཀྱི་གཏིང་རིམ་བཀག་རྒྱ་དང་ཕྱིའི་འགྲན་སློང་ལ་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་དགོས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པའི་འགག་གནད་ཚོད་འཛིན་ལ་ཁ་གཏད་ནས། སྒུལ་ནུས་གསར་རྙིང་བརྟན་པོ་དང་རྒྱུན་མཐུད་སྒོས་བརྗེ་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། ཁེ་ལས་བདག་གཉེར་ཁྲོད་ཀྱི་ཆེས་སེམས་ཁུར་བྱེད་པའི་རེ་ཞུ་ལ་དམིགས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལྟ་སྐུལ་དོ་དམ་ཞབས་ཞུ་ལེགས་སྒྱུར་བྱེད་པར་ཤུགས་སྣོན་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ལ་ཁ་གཏད་ནས། རྒྱུན་མཐུད་ངང་ཤུགས་བཀོལ་ནས་ཉེན་ཁ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། དངོས་འབེབས་དམ་འཛིན་བྱེད་པའི་ཕན་ནུས་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། གཞི་རིམ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་དང་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ཏང་གི་དཔལ་འབྱོར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། དངོས་སྒྲུབ་སྔོན་སྐྱོད་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ཆེས་ཇེ་དྲག་དང་དཀའ་ཁག་གདོང་གིས་བསུ་བ། འབད་འབུངས་ཡར་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། དྲང་ཕྱོགས་ཀྱི་སྐུལ་སློང་ཤུགས་དྲག་ཏུ་བཏང་སྟེ། ལས་འཛིན་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་དགོས། དོན་དངོས་ཐོག་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། ལས་ཀ་སྒྲུབ་འདོད་པ་དང་ལས་ཀ་སྒྲུབ་མཁས་པའི་ལས་བྱེད་པས་ལས་ཀ་སྒྲུབ་ཐུབ་ཅིང་། ལས་ཀ་ལེགས་འགྲུབ་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ཆད་གཅོད་ནན་མོ་བྱས་ཏེ། འདྲ་མཉམ་དྲང་གཞག་གི་ཚོང་རའི་ཁོར་ཡུག་དང་། སྲོལ་བཟང་སྤྱོད་གཙང་གི་ཚོང་གཉེར་ཁོར་ཡུག་རྒྱུན་འཁྱོངས་བྱ་དགོས། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། གོང་རིམ་ལ་ངོ་དགའ་དང་འོག་རིམ་དུ་འགན་མི་ཁུར་བ། དངོས་འབྲས་ལ་བསམ་གཞིགས་མི་གཏོང་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དམ་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་ཕན་ནུས་ལྡན་པར་སྔོན་འགོག་དང་དེར་དུས་ལྟར་ཁ་གཏད་འཇལ་དགོས། མཐུན་སྦྱོར་མཉམ་སྒུལ་ཤུགས་དྲག་ཏུ་བཏང་སྟེ། རང་གནས་རིང་ལུགས་ལ་ངོ་རྒོལ་བྱས་ནས་དངོས་འབེབས་དམ་འཛིན་བྱེད་པའི་མཉམ་ཤུགས་གྲུབ་པར་བྱ་དགོས། སྔོན་སྐབས་དོ་དམ་ལ་ཤུགས་སྣོན་དང་སྲིད་ཇུས་ལག་བསྟར་དང་སྔོན་སྐབས་ཁྲིད་སྟོན་ལ་མཐུན་སྦྱོར་སྐུལ་སྤེལ་བྱས་ནས། སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་དང་། ཤུགས་རྐྱེན་ཐེབས་ནུས་ཇེ་མཐོར་གཏོང་དགོས། དུས་མཉམ་དུ། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་དང་། ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞི་གཏན་འབེབ་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ལོ་མཇུག་དང་ལོ་འགོའི་དམངས་ཚིས་འགན་སྲུང་དང་བདེ་འཇགས་བརྟན་འཇགས་ཐད་ཀྱི་ལས་དོན་ཁག་སོ་སོ་ལེགས་པོར་བསྒྲུབ་སྟེ། ཞིབ་བཤེར་གཏིང་ཟབ་སྒོས་རིགས་སོ་སོའི་འགལ་རྩོད་དང་ཉེན་ཁའི་རྐྱེན་ངན་སེལ་ཐུབ་པར་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་སོ་སོ་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་གྲུབ་འབྲས་ཀྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་འབོད་སྐུལ་བཏང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩ་ལས་ཁུངས་དང་ཁེ་ལས་ཁ་ཤས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注