རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཆུའི་དྲ་བ་ཆེན་པོ་ཞིག་མགྱོགས་མྱུར་སྒོས་བསྐྲུན་བཞིན་པ།
ལྷོ་ཆུ་བྱང་འདྲེན་ལས་གྲྭ་ནི་ད་ལྟའི་བར་འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་ཆུ་འདྲེན་ལས་གྲྭ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལྷོ་ཆུ་བྱང་འདྲེན་ལས་གྲྭ་ནི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་ཕུགས་འདུན་གྱི་གོང་འཕེལ། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཡོད། ད་ལོ་ནི་ལྷོ་ཆུ་བྱང་འདྲེན་ཁྱོན་ཡོངས་ནས་ཤར་གཏོང་བྱས་ནས་ལོ10འཁོར་བའི་ལོ་ཡིན་ཞིང་། ལོ10ཡི་རིང་ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭས་རང་རྒྱལ་ལྷོ་བྱང་ཕྱོགས་ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ཆུའི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ད་ལྟ་ཧུའུ་པེའི་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ནས་རྒྱུག་པའི་དྭངས་གཙང་གི་ཆུ་བོ། ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་རིང་ཚད་ལ་སྤྱི་ལེ1432ཟིན་པའི་ཆུ་འདྲེན་ཡུར་ག་བརྒྱུད་བྱང་ཕྱོགས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ཧྭ་བྱང་ཐང་གཤོངས་སུ་བཞུར་གྱིན་ཡོད་ཅིང་། ད་ཆ་རི་ཚོགས་ཁྲོད་དུ་ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་འབྲི་ཆུའི་ཆུ་དྲངས་ནས་ཧན་ཅང་གཙང་པོར་གསབ་པའི་ལས་གྲྭའི་ལས་ཡུལ20ལྷག་མགྱོགས་མྱུར་སྐྲུན་བཞིན་ཡོད། ལས་གྲྭ་བསྐྲུན་རྗེས་འགག་གསུམ་ཆུ་མཛོད་དེ་ཏན་ཅང་ཁོའུ་ཆུ་མཛོད་དང་སྦྲེལ་མཐུད་ཐུབ་སྟེ་ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་ཆུ་འགོར་སྔར་བས་འགན་ལེན་ཐུབ་རྒྱུ་རེད།
མིག་སྔའི་བར། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར760ལྷག་ཟིན་ཞིང་། དེས་ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེ་འབྲིང40ལྷག་ལ་ཕན་པ་ཐོབ་པ་དང་། མི་དུང་ཕྱུར1.85ལ“ལྷོ་ཆུ”འཐུང་རྒྱུ་ཡོད།
ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ་ནི་རང་རྒྱལ་བྱང་ཕྱོགས་སུ་ཆུའི་ཐོན་ཁུངས་ཧ་ཅང་དཀོན་པའི་གནས་ཚུལ་ཐག་གཅོད་པའི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་དང་འཕར་རྩ་ཆེན་པོ་ཞིག་རེད། བསྐྲུན་ཟིན་པའི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་གཙང་ཆུའི་ཁྱམས་རིང་གཉིས་ཀྱིས་འབྲི་ཆུ་དང་ཧོའེ་ཧོ་གཙང་པོ། རྨ་ཆུ། ཧའེ་ཧོ་གཙང་པོ་བཅས་འབབ་རྒྱུད་ཆེན་པོ་བཞི་དང་སྦྲེལ་མཐུད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཁོང་གིས་ལས་གྲྭར་གཟིགས་ཞིབ་ཐེངས་མང་གནང་ཞིང་། ལྷོ་ཆུ་བྱང་འདྲེན་གྱི་ལས་གྲྭ་ནི་བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པས། ལྷོ་ཆུ་བྱང་འདྲེན་དེ་ཆུའི་ཐོན་ཁུངས་བཀོད་སྒྲིག་གཏོང་བ་དང་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ། ལྷོ་བྱང་གི་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ་བཅས་ཀྱི་སྲོག་རྩ་ལྟ་བུར་འགྱུར་ནས། ལྷོ་ཆུ་བྱང་འདྲེན་གྱིས་ཇི་སྲིད་བར་མི་རིགས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཅེས་བསྟན་ཡོད།
ད་ལྟ། ཆུ་འདྲེན་ཁུལ་གྱི་ཆུའི་བཟོ་གྲྭ་རེ་རེ་དང་སྦུག་ལམ་རེ་རེ་བཞིན་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཤར་རྒྱུད་དང་ཕན་ཚུན་སྦྲེལ་མཐུད་བྱེད་བཞིན་ཡོད་པ་དང་། ཕན་པ་ཐོབ་པའི་ཁྱབ་ཁོངས་དེ་གྲོང་ཁྱེར་ཆེ་འབྲིང་ནས་གྲོང་གསེབ་ཏུ་རྒྱ་སྐྱེད་པས། དེས་ཀྱང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་ཆུ་འཐེན་ཚད་བཅུ་ཆ་དགུ་ཟིན་རྒྱུར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།
ད་ལྟ། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་ཆུའི་སྤུས་ཚད་དེ་རིགསⅡཔར་བརྟན་པོར་གནས་ཤིང་། ཤར་རྒྱུད་ཀྱི་ཆུའི་སྤུས་ཚད་དེ་རིགསⅢཔར་གནས། “ལྷོ་ཆུ”དེ་སྔོན་མ་འཆར་འགོད་བྱས་པའི་ཆུ་ཁུངས་ཁ་གསབ་བྱ་ཡུལ་ནས་གྲོང་ཁྱེར་ཆེ་འབྲིང་མང་པོའི་ཆུ་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། པེ་ཅིང་གྲོང་ཁུལ་དུ་ཆུ་ཕོར་པ10རེའི་ཁྲོད་དུ་ཕོར་པ་8ནི“ལྷོ་ཆུ”ཡིན་ཞིང་། ཀྲེང་ཀྲོའུ་ཡི་ལྟེ་བའི་གྲོང་ཁུལ་གྱི་གྲོང་མི90%ཡན་གྱི་འཚོ་བའི་ཆུ་ནི“ལྷོ་ཆུ”ཡིན། ཐེན་ཅིན་གྱི་གྲོང་ཁུལ་གཙོ་བོར་མཁོ་འདོན་བྱེད་པའི་ཆུ་ཚང་མ་ཧ་ལམ“ལྷོ་ཆུ”རེད།
ད་ལྟ། འགྲམ་རྒྱུད་ས་ཁུལ་གྱི་ས་འོག་ཆུའི་ཆུ་ཁ་ཟམ་མི་ཆད་པར་གོང་མཐོར་ཕྱིན་ཡོད། ཧོ་པེའི་ཞིང་ཐའེ་རུ་ཆུ་མིག་བརྒྱ་ཕྲག་ལས་ཆུ་འཕྱུར་བའི་རྣམ་པ་སླར་ཡང་མངོན་ཡོད། ལོ་བརྒྱའི་རིང་ཆད་པའི་པེ་ཅིང་དང་ཧང་ཀྲུའུ་བར་གྱི་མིས་བཟོས་གཙང་པོ་ཆེན་པོ་དེ་ལོ་གསུམ་ལ་ལམ་ཐིག་ཡོངས་སུ་ཆུ་རྒྱུག་ཅིང་། ཡུང་ཏིང་གཙང་པོའི་ཆུ་རྒྱུན་ཆད་ནས་ལོ26སོང་རྗེས་སླར་ཡང་ཆུ་བཞུར་པའི་མཛེས་པ་མངོན། 2017ལོ་ནས་བཟུང་། ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭས་པའེ་དབྱང་ཏེན་ལ་སྐྱེ་ཁམས་ཆུ་གསབ་ཅིང་། རིམ་རྩིས་བྱས་ན་ཆུ་གསབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར8.47ཟིན་ནས་པའེ་དབྱང་ཏེན་དང་དེའི་སྟོད་རྒྱུད་གཙང་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ནུས་ལྡན་ཕྱིན་པ་དང་། མིག་སྔར་པའེ་དབྱང་ཏེན་དུ་རི་སྐྱེས་འདབ་ཆགས་རིགས286ཡོད་པ་དེ་ཁུལ་གསར་འཛུགས་སྐྲུན་གྱི་དུས་འགོ་དང་བསྡུར་ན་རིགས80ཇེ་མང་དུ་ཕྱིན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད། མིག་སྔར། ཀྲུང་གོའི་ལྷོ་ཆུ་བྱང་འདྲེན་ཚོགས་པས་ནུས་ཤུགས་ཡོད་རྒུས་གྲངས་འཛིན་གྱི་ཆ་འདྲའི་ལྷོ་ཆུ་བྱང་འདྲེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཟླ12པའི་ཚེས1ཉིན། ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭས2024ལོ་ནས2025ལོའི་ལོ་འཁོར་གྱི་འཁྱགས་དུས་ཀྱི་ཆུ་འདྲེན་ལས་དོན་སྤེལ་མགོ་ཚུགས། གྲངས་འཛིན་གྱི་ཆ་འདྲའི་ལྷོ་ཆུ་བྱང་འདྲེན་དབུས་ལམ1.0ཅན་གྱི་མ་ལག་ལ་བརྟེན་ནས་ལས་དོན་མི་སྣས་ཆུ་ཡུར་གྱི་ཆུའི་དྲོད་ཚད་དང་དར་ཆགས་པའི་གནས་ཚུལ་སྔོན་དཔག་བྱ་ཐུབ། ད་ལོ་གསར་དུ་བསྣན་པའི་གནམ་གཤིས་ཀྱི་ཆུའི་དྲོད་ཚད་ལྟ་ཞིབ་ཚད་ལེན་ཤེས་ཚོར་སྒྲིག་ཆས་ཆ་ཚང18ཀྱིས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་པས། མཉམ་དུ་གྲོས་མོལ་དང་བཀོད་གཏོང་འཁོར་རྒྱུག་གི་ཐབས་ཇུས་འགོད་པར་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ལྷོ་ཆུ་བྱང་འདྲེན་གྱི་རྗེས་མཐུད་ལས་གྲྭར་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། འབྲི་ཆུའི་ཆུ་དྲངས་ནས་ཧན་ཅང་གཙང་པོར་གསབ་པའི་ལས་གྲྭའི་ས་ཚིགས་མང་པོ་ཞིག་ཏུ་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭ་དང་རིག་ནུས་མཉམ་བསྲེས་ས་ཚིགས། ཆ་འཕྲིན་ཅན་གྱི་ཚོད་ལྟ་ཁང་སོགས་རིག་ནུས་བཟོ་སྐྲུན་ལག་རྩལ་ཁྱོན་ཡོངས་ནས་ནང་འདྲེན་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་ལས་ཕྱོད་ཆེ་རུ་བཏང་ཡོད།
དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར། བཞུར་རྒྱུན་མི་ཆད་པའི་ལེ་བར་སྟོང་གི“ལྷོ་ཆུ”ཡིས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་བརྗིད་ཉམས་ལྡན་པའི་ཆུ་རིས་ཤིག་འགོད་བཞིན་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注