ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ནས་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན་པ་དང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཟླ12པའི་ཚེས6ཉིན། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ལ། མིག་སྔའི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུའི་སྟེང་བསྟན་དོན། ལོ་མཇུག་དང་ལོ་འགོའི་བྱ་བ་སོ་སོའི་ལས་འགན་ཧ་ཅང་ལྕི་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཇེ་མང་དུ་ཕྱིན་པས་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་བྱ་བ་ཡག་པོར་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་བ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་བསམ་པ་ཆེ་རུ་བཏང་ནས་མི་དམངས་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་དང་། འགག་སྒོ་དམ་འཛིན་དང་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པ། མཐའ་ཚད་ཀྱི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་མཇུག་དང་ལོ་འགོའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་གསལ་ཁྲར་ཞིབ་བསྡུར་བྱེད་པ། ནུས་ཤུགས་ཡོད་རྒུས་བདེ་འཇགས་བརྟན་ལྷིང་གི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་ཏན་ཏིག་བྱེད་པ་དང་། “བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག”གི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “འདུ་གནས་ཆུང་ངུ་དགུ”དང་། སློབ་གྲྭ སྨན་ཁང་སོགས་གཙོ་གནད་ཁུལ་ལ་དམ་པོར་དམིགས་པ། བགྲོད་ལམ་འགྲིམ་འགྲུལ་དང་། འཛུགས་སྐྲུན། ཉེན་ཆེའི་རྫས་འགྱུར་དངོས་རྫས། གཏེར་རི། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། བདེ་འཇགས་ལྟ་སྐུལ་དོ་དམ་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ། དྲོད་ཚད་དམའ་བའི་གངས་ཆར་དར་འཁྱགས་ཀྱི་གནོད་འཚེ་དང་ནགས་ཚལ་མེ་སྐྱོན་སོགས་ཀྱི་སྔོན་འགོག་བྱ་བར་ཤུགས་སྣོན་ཏན་ཏིག་རྒྱག་པ། ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་མི་ཚོགས། གཙོ་གནད་གནས་ཡུལ་བཅས་ལ་དམིགས་ནས་ཉེན་ཁའི་འབྱུང་རྩ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། འགལ་བ་དང་རྩོད་གཞི་ནུས་ལྡན་ངང་སེལ་བ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
ཚོགས་འདུ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་བཏང་ནས་རང་འགན་ཡོད་པ་དང་། རང་འགན་འཁུར་བ། རང་འགན་གཙང་སྒྲུབ་བཅས་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་གཙོ་ཤུགས་འགན་འཁྲི་བཅས་གཟབ་ནན་ཏན་ཏིག་གཏོང་བ། ཆ་འཕྲིན་སྦྲེལ་མཐུད་དང་། འགལ་བ་མཉམ་སྒྲིག ཉེན་ཁ་མཉམ་སེལ། གནད་དོན་མཉམ་བཅོས་བཅས་ཀྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་ཚབས་ཆེན་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བ། ལས་རེས་ལས་སྲུང་དང་འཕྲལ་བསྟུན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་བརྟན་ལྷིང་གི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ། བདེ་འཇགས་འགན་ལེན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ནུས་ཤུགས་ཡོད་རྒུས་གཅིག་སྒྲིལ་བྱེད་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་གཏོད་པ་བཅས་བྱས་ནས་ད་ལོའི་བྱ་བ་ཡག་པོར་སྒྲུབ་པ་དང་། སང་ལོའི་བྱ་བ་ཡག་པོར་སྒྲུབ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་གྱི་འགོ་ཁྲིད་ཧི་ལུའུ་ཁྲུན་དང་། དབྱང་ཀྲི་ཝུན། ལིས་ཧུང་ཡ་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སློབ་གསོ་ཐིན། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།
ཚོགས་འདུ་དེ་བརྙན་ལམ་ནས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注