ལིས་ཧུང་ཀྲུང་གིས་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།
ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་པེ་ཅིང་དུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ལིས་ཧུང་ཀྲུང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྨ་ཆུར་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། རྨ་ཆུ་བརྟན་བརླིང་དང་སྐྱེ་ཁམས་ལེགས་བཅོས་ཀྱི་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་གཅིག་ལྷག་གི་རིང་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་བཅོས་སྐྱོང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། ཁྲིམས་སྲོལ་ཆ་ཚང་མགྱོགས་མྱུར་ངང་བཏོན་པ་དང་། བཅའ་ཁྲིམས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། བཅའ་ཁྲིམས་ལག་བསྟར་བྱེད་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
ལིས་ཧུང་ཀྲུང་གིས་ནན་གྱིས་བསྟན་དོན། རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། གནས་པའི་གནད་དོན་དང་མི་འདང་སར་དམིགས་ནས་ཁྲིམས་བཀོད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་བྱེད་པ། ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བཅས་བྱས་ཏེ། ལམ་ལུགས་ཀྱི་ཕྲེང་སྦྲེལ་དམ་པོ་དེ་བྱ་བའི་བཀག་རྒྱ་ཆ་ཚང་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་ཞན་ཆ་གསབ་པ་དང་ཇེ་དྲག་ཏུ་བཏང་སྟེ། ས་གནས་ཀྱི་དོན་དངོས་གཞིར་བཟུང་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱེད་དགོས། བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྨ་ཆུར་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་བཅས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། རྗེས་མཐུད་བྱ་བ་ཡག་པོར་བསྒྲུབ་སྟེ་ཁྲིམས་བསྟར་ཞིབ་བཤེར་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་དང་ཏེན་ཀྲུང་ལིས་གྲོས་ཚོགས་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注