ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་སེང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་ལམ་སྲོལ་གྲོས་ཚོགས་ལ་འགོ་འཛིན་མཛད།
ཟླ11ཚེས10ཉིན་ནས་ཚེས11ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གདན་ཞུས་ལྟར་སིང་ག་ཕོར་དུ་འཚམས་འདྲི་གནང་སྟེ། སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན་དང་། ཙུང་ལི་ཧོང་ཞུན་ཚའེ། ཙུང་ལི་གཞོན་པ་ཡན་ཅིན་ཡུང་། རྒྱལ་སྲིད་སྐྱོང་རོགས་དང་ཞོར་དུ་རྒྱལ་ཁབ་བདེ་འཇགས་སྤྱི་འདོམས་པུའུ་ཀྲང་གི་འགན་འཁུར་བའི་ཀྲང་ཀྲི་ཞན་བཅས་ལ་མཇལ་འཕྲད་གནང་བར་མ་ཟད། ཡན་ཅིན་ཡུང་དང་མཉམ་དུ་ཀྲུང་གོ་དང་སེང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་འབྲེལ་གཏུག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་དང་། ཀྲུང་གོ་དང་སེང་ག་ཕོར་གྱི་སུའུ་ཀྲོའུ་བཟོ་ལས་གླིང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ། ཀྲུང་གོ་དང་སེང་ག་ཕོར་གྱི་ཐེན་ཅིན་སྐྱེ་ཁམས་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དྲུག་པ། ཀྲུང་གོ་དང་སེང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་ཕན་ཚུན་སྦྲེལ་མཐུད་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བརྒྱད་པ་བཅས་ལ་མགོ་འཛིན་མཛད།
སེང་ག་ཕོར་ཕྱོགས་ཀྱི་འགོ་ཁྲིད་པ་དང་ཐུག་འཕྲད་གནང་སྐབས་ཏེན་ཞུའེ་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཆང་གིས་ཙུང་ཐུང་ཧྲང་ཏ་མན་དང་ཙུང་ལི་ཧོང་ཞིན་ཚེ་གཉིས་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་མཛད་པར་ཧྲང་ཏ་མན་དང་ཧོང་ཞིན་ཚེ་ཡིས་ཐུགས་རྗེ་ཆེ་ཞུས་པ་དང་། ཏེང་ཞུའེ་ཞང་ལ་ཁོ་ཚོས་ཀྲུང་གོའི་འགོ་ཁྲིད་པར་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་རོགས་ཞུས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་སེང་ག་ཕོར་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲུང་འཛིན་བྱས་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་སྐབས་དེའི་ཙུང་ལི་ལིས་ཞན་ལུང་དང་མཉམ་དུ་ཀྲུང་གོ་དང་སེང་ག་ཕོར་གྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བའི་ངེས་གནས་གསར་པ་ཁྱབ་བསྒྲགས་གནང་བ་དང་། དུས་སྐབས་གསར་པའི་ཀྲུང་གོ་དང་སེང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་འཆར་འགོད་གནང་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བ་དང་ཕྱོགས་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ངེས། ཀྲུང་གོ་ཕྱོགས་ཀྱིས་སེང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བཞག་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་དང་འབྲེལ་བའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། ཀྲུང་གོ་དང་སེང་ག་ཕོར་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་སེང་ག་ཕོར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྐྱོད་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་མཐུན་ཡིན་པ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་བ། མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་ཆེ། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྔར་ལས་སྦྲེལ་མཐུད་དམ་ཟབ་བྱས་ཏེ། སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་པ་དང་། ཁེ་ཕན་འབྲེལ་མཐུད་བྱེད་ས་གསར་པ་དང་མཉམ་ལས་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པ། སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ཚད་གཞི་རྒྱུན་མཐུད་ངང་གཏོད་པ། མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སེང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་འཐབ་ཇུས་གལ་ཆེན་གྱི་གནད་དོན་ཐད་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་དང་གོ་གནས་གཙོ་བོར་རྒྱབ་སྐྱོར་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལག་གདང་སྦྲེལ་ནས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་བརྟན་བརླིང་དང་དར་རྒྱས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།
ཧྲང་ཏ་མན་དང་ཧོང་ཞུན་ཚའེ་སོགས་སེང་ག་ཕོར་ཕྱོགས་ཀྱི་མགོ་ཁྲིད་པས་སིང་ག་ཕོར་གྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་འགྲོ་འོང་དམ་ཟབ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། སེང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་རེ་བལྟོས་ཆེན་པོ་བྱེད་པ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ཉིན་རེ་བཞིན་ནུས་པ་གལ་ཆེན་འདོན་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།
ཚེས11ཉིན། ཏེན་ཞུའེ་ཞང་གིས་ཡན་ཅིན་ཡུང་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུ་བཞི་ལ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་སེང་ག་ཕོར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་འཕེལ་རིམ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་ཏེ། སུའུ་ཀྲོའུ་བཟོ་ལས་གླིང་དང་། ཐེན་ཅིན་སྐྱེ་ཁམས་གྲོང་། ཀྲུང་གོ་དང་སེང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་དཔེ་སྟོན་ལས་གཞི། ཀོང་ཀྲོའུ་ཤེས་ཡོན་གྲོང་འཛུགས་སྐྲུན་གྱི་གྲུབ་འབྲས་བཅས་ལ་ཁས་ལེན་གང་ལེགས་གནང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཉོ་ཚོང་དང་རྒྱུན་མཐུད་འཕེལ་རྒྱས། གསར་གཏོད། དངུལ་རྩ། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། རྒྱལ་ཁབ་རིམ་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ལས་གཞི་སོགས་ཀྱི་གྲོས་གཞིར་དམིགས་ནས་བརྗེ་རེས་གཏིང་ཟབ་གནང་ཞིང་། མཉམ་ལས་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་མཉམ་དུ་འཚོལ་ཞིབ་གནང་། ཕྱོགས་གཉིས་ཀྱིས་ཚོགས་འདུའི་ཐོག་བཀོད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། དུས་རིམ་གསར་པར་ཀྲུང་གོ་དང་སེང་ག་ཕོར་གཉིས་ཀྱི་མཉམ་ལས་འཆར་འགོད་ཇུས་འགོད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ། མཉམ་ལས་ཀྱི་ལས་གཞི་གལ་ཆེན་ཏན་ཏིག་གིས་སྒྲུབ་པ། སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ། གཞི་གྲངས་ཅན་དང་ལྗང་མདོག་ཅན་དུ་འགྱུར་བར་དམིགས་པ། ཁྱབ་ཁོངས་གསར་པའི་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས་པར་མོས་མཐུན་བྱུང་།
ཏེན་ཞུའེ་ཞང་དང་ཡན་ཅིན་ཡུང་གིས་མཉམ་དུ་ཀྲུང་གོ་དང་སེང་ག་ཕོར་གྱི་མཉམ་ལས་གྲུབ་འབྲས་འགྲེམས་སྟོན25ལ་དཔང་པོ་བྱས་པ་དེའི་ནང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཆར་འགོད་ལ་མིང་རྟགས་འགོད་པ་དང་། 《〈རང་མོས་ཉོ་ཚོང་གྲོས་ཆོད〉སྔར་ལས་རིམ་སྤོར་བྱེད་པའི་གྲོས་ཆོད་ཡི་གེ》ད་ལོའི་ཟླ12ཚེས31ཉིན་ནུས་པ་ཐོན་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་སོགས་འདུས་ཡོད།
ཏེན་ཞུའེ་ཞང་དང་ཡན་ཅིན་ཡུང་ད་དུང་ཀྲུང་གོ་དང་སེང་ག་ཕོར་གྱི་ཕྱོགས་གཉིས་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་དྲན་གསོའི་བརྐོས་བརྙན་གྱི་ཡོལ་བ་ཕྱེ་བའི་མཛད་སྒོ་དང་། སུའུ་ཀྲོའུ་བཟོ་ལས་གླིང་གསར་སྤེལ་དང་འཛུགས་སྐྲུན་བྱས་ནས་ལོ30འཁོར་བའི་སྡོང་འཛུགས་མཛད་སྒོར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注