རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བའི་དཔྱད་ཞིབ་དང་སྐོར་ཞིབ་དངོས་སུ་འགོ་བརྩམས།
གསར་འགོད་པས་ཟླ11པའི་ཚེས1ཉིན་འཕྲལ་སྒྲུབ་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བའི་དཔྱད་ཞིབ་སྐོར་ཞིབ་དེ་ཉེ་སྔོན་དངོས་སུ་སྤེལ་འགོ་བརྩམས། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང22སྔ་རྗེས་སུ་ཞིང་ཆེན་རིམ་པའི་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དུ་བཅའ་སྡོད་བྱས་ཏེ། 2024ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བར་དཔྱད་ཞིབ་སྐོར་ཞིབ་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དཔྱད་ཞིབ་སྐོར་ཞིབ་ཟླ11པའི་ཟླ་འགོ་ནས་འགོ་བཙུགས་ཏེ་ཟླ11པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་རེད། དཔྱད་ཞིབ་སྐོར་ཞིབ་བྱ་བའི་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་དམིགས་ཏེ། མཁར་གྲོང་གི་འབར་རླངས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་དང་། གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་ཕྲེང་འབྲེལ་ཧྲིལ་པོ་བཅོས་སྐྱོང་སོགས་གཙོ་གནད་བྱ་བ་སྣ11སྤེལ་བའི་གནས་ཚུལ་དང་། དེ་མིན་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་མང་ཚོགས་ཉེ་འགྲམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཚུལ་སོགས་ལ་དམིགས་པ་དང་ཆབས་ཅིག ཆེད་མཁས་པའི་མཛུབ་ཁྲིད་ཞབས་ཞུ་ཡག་པོ་བསྒྲུབས་ནས་ལྟ་སྐུལ་མཛུབ་ཁྲིད་དང་། ཕན་ནུས་འདྲི་རྩད། གདུབ་ཟུམ་དོ་དམ་བཅས་ལ་ཤུགས་སྣོན་བྱས།
དཔྱད་ཞིབ་སྐོར་ཞིབ་ཚན་ཆུང22ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་དེ་ཆེད་དོན་བཞུགས་མོལ་དང་། དཔྱད་ཡིག་ལ་བལྟ་བ། མི་རེ་ཟུང་དང་གླེང་མོལ་བྱེད་པ། བཅར་འདྲི་དང་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བྱ་བ་སྤེལ་ཏེ། འབྲེལ་ཡོད་ཁེ་ལས་དང་ལས་ཁུངས་བཅས་བྱེད་སྒོ་སྤེལ་ཡུལ་དུ་མངོན་བཤེར་ལྐོག་ཞིབ་བྱ་རྒྱུ་རེད། བཅའ་སྡོད་བྱེད་པའི་སྐབས་སུ། དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་སོ་སོས་ཐེར་འདོན་གོང་ཞུའི་ཁ་པར་དང་། གློག་རྡུལ་ཡིག་སྒམ། ཡིག་བསྐུར་ངོ་བཅར་གྱི་ཡིག་སྒམ་སོགས་བཙུགས་ནས་མང་ཚོགས་ཀྱི་ཐེར་འདོན་དང་ལེན་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བདེ་འཇགས་ཀྱི་གནད་དོན་གལ་ཆེན་གྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་ཐག་གཅོད་བྱེད་པ། དཔེ་མཚོན་གྱི་གནད་དོན་གལ་ཆེན་རིམ་སྤོར་བྱས་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་ཡིན་པར་མ་ཟད་ཁོངས་གཏོགས་ཁུལ་ལ་ལྡོག་བཤེར་བྱེད་པའི་འགན་འཁྲི་རྩིས་སྤྲོད་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注