ཞི་ཅིན་ཕིང་གསེར་གྱོམ་འགོ་ཁྲིད་པའི་ཐུག་འཕྲད་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ས་དེའི་དུས་ཚོད་ཟླ10པའི་ཚེས24ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་ཚོགས་འགྲེམ་ལྟེ་གནས་སུ་འཚོགས་པའི་གསེར་གྱོམ་འགོ་ཁྲིད་པའི་ཐུག་འཕྲད་གྲོས་ཚོགས་སུ་ཞུགས་པ་མ་ཟད། ཁ་ཡིག་ལ《འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་འཛམ་གླིང་ལྷོ་ཕྱོགས་སུ་ཚོགས་སྤྱིའི་རང་བཞིན་ཇེ་མང་དུ་འགྲོ་བ་དེ་ནི་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་མཚོན་རྟགས་མངོན་གསལ་ཞིག་རེད། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་སོ་སོ་མཉམ་དུ་དེང་རབས་ཅན་དུ་སྐྱོད་པ་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་རླབས་ཆེའི་བྱ་སྤྱོད་ཅིག་ཀྱང་རེད། དུས་མཚུངས་སུ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྔར་བཞིན་འགྲན་སློང་དྲག་པོར་འཕྲད་ཡོད་པས། འཛམ་གླིང་ལྷོ་ཕྱོགས་དར་སྤེལ་གཏོང་བའི་ལམ་བུ་ནི་བདེ་སྙོམས་ཤིག་གཏན་ནས་མིན། འཛམ་གླིང་ལྷོ་ཕྱོགས་ཀྱི་གཡུལ་ས་ཨང་དང་པོ་ཡིན་པའི་ཆ་ནས། ང་ཚོས་གཅིག་བསྡུས་ཀྱི་བློ་གྲོས་དང་སྟོབས་ཤུགས་མངོན་པར་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་འགན་འཁྲི་འཁུར་ཐུབ་པ་བྱེད་དགོས་ཞེས་གསུངས།
ཞི་བདེ་བརྟན་སྲུང་བྱས་ནས་ཐུན་མོང་གི་བདེ་འཇགས་མངོན་འགྱུར་བྱེད་དགོས། ང་ཚོ་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བྱས་ནས། འཛམ་གླིང་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་རྩ་ལག་མཉམ་བཅོས་བྱེད་པའི་གནད་དོན་ཚ་ཤོས་ཀྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ངས་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ་བཏོན་པ་དེར་ཕྱོགས་སོ་སོས་ཧུར་ཐག་གིས་ཨ་ལན་སྤྲད་པ་མ་ཟད། ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ང་ཚོས་ཝུའུ་ཁི་ལན་ཉམས་ཉེན་གྱི་གནས་བབ་མགྱོགས་མྱུར་སྒོས་ཞི་ལྷོད་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ལམ་བུ་འདིང་དགོས། ཅ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་དམག་མཚམས་འཇོག་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”སླར་ཡང་ལག་བསྟར་བྱེད་པ་དགོས་པ་མ་ཟད། ལེ་པ་ནོན་དུ་དམག་འཁྲུག་མུ་མཐུད་དུ་མཆེད་པ་སྔོན་འགོག་བྱེད་དགོས།
འཕེལ་རྒྱས་བསྐྱར་གསོ་བྱས་ནས་ཡོངས་ཁྱབ་ཏུ་དར་རྒྱས་ཡོང་བར་བྱ་དགོས། ང་ཚོས་མཉམ་དུ་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་བྱས་ནས། འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་མ་ལག་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་པ་དང་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་དེ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་གྲོས་རིམ་གྱི་ལྟེ་བའི་གོ་གནས་སུ་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ3འགོར་བའི་རིང་ལ། འཕེལ་རྒྱས་མ་དངུལ་ཨ་སྒོར་ཐེར་ཆེན་གཉིས་ཙམ་སྐུལ་སློང་བྱས་ནས་ལས་གཞི1100ལྷག་ཙམ་སྤེལ་ཡོད། འཛམ་གླིང་བཟོ་ལས་ཀྱི་མིའི་ཐབས་རིག་ནུས་མནའ་འབྲེལ་ཕུལ་བྱུང་ལྟེ་གནས་ཉེ་ལམ་ཧྲང་ཧའེ་རུ་བཙུགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འཛམ་གླིང“རིག་ནུས་འགག་སྒོའི”དྲ་ཐོག་མཉམ་ལས་སྟེགས་བུ་དང་གསེར་གྱོམ་རྒྱལ་ཁབ་འགག་སྒོའི་དཔེ་སྟོན་ལྟེ་གནས་བསྐྲུན་རྒྱུ་ཡིན་པས། རྒྱལ་ཁབ་སོ་སོ་དེའི་ནང་ཧུར་ཐག་གིས་ཞུགས་རྒྱུར་དགའ་བསུ་ཞུ།
མཉམ་དུ་དཔལ་ཡོན་དར་བར་བྱས་ནས་སྣ་མང་འཆམ་མཐུན་ཡོང་བ་བྱེད་དགོས། ང་ཚོས་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་བསྐྲུན་ནས། འབྲེལ་གཏུག་དང་གྲོས་མོལ་གཏིང་ཟབ་ཏུ་བཏང་སྟེ་ཕན་ཚུན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྣེ་ཁྲིད་དེ་འཛམ་གླིང་ལྷོ་ཕྱོགས་རིག་མཛོད་མཉམ་ལས་མནའ་འབྲེལ་བཙུགས་ནས། རྒྱལ་ཁབ་སོ་སོའི་མི་གཞུང་རིག་གནས་བརྗེ་རེས་དང་རྒྱལ་སྲིད་སྐྱོང་ལུགས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་ཐུབ་ངེས་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལྷོ་ཕྱོགས་སེམས་སུ་བཅངས་པ་དང་། འཛམ་གླིང་ལྷོ་ཕྱོགས་ལ་གཞི་ཚུགས་པ། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་སྔར་ལས་མང་པོ་གསེར་གྱོམ་ལས་དོན་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ། པཱ་ཞི་དང་རྒྱ་གར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ། ཨེ་ཙེ་ཨོ་ཕི་ཡ་བཅས་ཀྱི་འཐུས་མི་དང་། གདན་ཞུས་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའམ་ཡང་ན་འཐུས་མི25དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་། གསར་སྤེལ་དངུལ་ཁང་གསར་པའི་འགོ་གཙོ་ལའོ་སའེ་ཧྥུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ6གྲོས་ཚོགས་སུ་ཞུགས།
ཚེས23ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཕུའུ་ཅིན་གྱིས་གསེར་གྱོམ་རྒྱལ་ཁབ་དང་དེ་མིན་སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注