ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
ཟླ10པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། སེམས་པ་དམངས་ལ་ཕྱོགས་པ། ངར་ཤུགས་སྒྲིམ་ཞིང་དཀའ་སེལ་འགག་སྒྲོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ལས་ཕན་འབྲས་མཐོར་འདེགས་དང་ཞིང་བའི་ཡོང་འབབ་འཕར་བ། ཞིང་སྡེའི་གསོན་ཤུགས་རྒྱས་པ་བཅས་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་གྱི་གྲུབ་འབྲས་སྔར་ལས་མངོན་གསལ་ཡིན་ལ་གྲོང་གསེབ་དར་སྤེལ་གྱི་རྣམ་པ་མངོན་པར་བྱེད་དགོས།
ཝུའུ་ཞའོ་ཅུན་སྔ་ཕྱིར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རྫོང་འབྲུ་རིགས་ཉོ་ཚོང་སྤྱིའི་ཀུང་ཟི་དང་། ཁྱིམ་ཚང་སྐྱོང་ཚུལ་དངོས་སྦྱོང་རྟེན་གཞི། ལྗང་མདོན་ཐོན་ལས་གླིང་ཞིན་ཁང་ཧྲིན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟི། ཏན་མཱ་གྲོང་རྡལ་ཞིན་ཐེན་པའོ་སྡེ་བ་བཅས་ལ་སོང་སྟེ། ཡུལ་དངོས་ནས་འབྲུ་རིགས་བསྡུ་ཉར་དང་བདེ་འཇགས་འགན་སྲུང་། ཁྱིམ་ཚང་སྐྱོང་ཚུལ་ཞབས་ཞུས་ལས་གནས་བརྟན་པོའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་ཕྱིར་འཚོང་དང་། གྲང་འཁྱགས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པར་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣ་དང་ཁེ་ལས་ཀྱི་ལས་བཟོ་པ། ཞིང་བ་སོགས་དང་བརྗེ་རེས་ཟབ་མོ་བྱས་ནས། ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དང་བསྡུ་ཉོ། བསྡུ་ཉར། ལས་སྣོན། ཕྱིར་འཚོང་བཅས་ཀྱི་ལས་རིམ་སོ་སོའི་གཞོགས་འདེགས་འགན་སྲུང་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཁྱིམ་ཚང་སྐྱོང་ཚུལ་ལ་བརྟེན་ནས་ཞིང་ལས་ཁྱད་ལྡན་ངལ་རྩོལ་ཚོང་རྟགས་བསྐྲུན་ཞིང་། རྩལ་ནུས་གསབ་སྦྱོང་དང་མཁོ་འདོན་སྦྲེལ་ལ་ཤུགས་བསྣན་ནས། རྩ་འཛུགས་ཅན་དང་ཚད་ལྡན་ཅན། ཚད་གཞི་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྟོབས་ཤུགས་གཅིག་བསྡུས་སྒོས་ཁྱད་ལྡན་ཐོན་ལས་ཀྱི་ལེའུ་ཡག་པོར་འབྲི་བ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བྱེད་ཅིང་། ནུས་པ་ཡོད་རྒུས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་འཕེལ་རྒྱས་གཏོང་བ་དང་། གྲང་འཁྱགས་སྔོ་ཚལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞང་ཀང་དང་ཨའོ་མོན་ལ་འདོན་སྤྲོད་བྱེད་པའི་སྔོ་ཚལ་གྱི་མིང་གྲགས་ཇེ་ཆེར་གཏོང་བ་དང་། ཞིང་བའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས་ཞེས་བསྟན།
མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ཆུས་རིམ་པ་གཉིས་ཀྱི་ཏང་ཨུའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་བཞུགས་མོལ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་ནི་ཞིང་ཆེན་ཡོངས་ཀྱི་འབྲུ་མཛོད་ཆེན་མོ་དང་ཚལ་ར་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ར་གཙོ་བོ་ཡིན། འགན་འཁྲི་ཁག་ཁུར་ལ་སྔར་ལས་ཤུགས་སྣོན་པ་དང་། དེབ་གཅིག་དང་ཐོ་ཡིག་གཅིག་མིག་མང་འགྲིག་སྐོར་གཅིག་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་ཅིང་། འགན་འཁྲི་དང་སྲིད་ཇུས། བྱ་བ་བཅས་དོན་འཁྱོལ་དམ་འཛིན་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། རྨོ་ཞིང་གང་དགར་སྤྱོད་པའི་བྱེད་ཐབས་དག་ཐེར་ལེགས་བཅོས་བྱེད་ལ། ཚད་གཞི་མཐོ་བའི་ཞིང་ས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། སྟོན་བསྡུའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། འབྲུ་རིགས་ཐོན་ཚད་མང་ཞིང་འབྲུ་རྡོག་མཛོད་ལ་གཉེར་བར་ཁག་ཐེག་བྱས་ནས། འབྲུ་འདེབས་ཞིང་བའི་ཡོང་འབབ་གཏན་འཇགས་ཡོང་བར་བྱེད་དགོས། ཕྱིར་དབུལ་བོ་འགྱུར་བ་བཀག་འགོག་བྱེད་པའི་འགུལ་རྣམ་ཚད་ལེན་དང་རོགས་སྐྱོར་བྱ་བ་ལེགས་པར་བསྒྲུབ་པ་དང་། སྡེ་ཁག་གི་ཆ་འཕྲིན་ཕྱོགས་བསྒྲིགས་མཉམ་སྤྱོད་བྱེད་པར་ཤུགས་སྣོན་བྱེད་ཅིང་། རིགས་དབྱེ་རོགས་སྐྱོར་དང་གནད་འཁེལ་ཇུས་འདོན་བྱས་ཏེ། ཕྱོགས་ཡོངས་ནས་འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་འགན་སྲུང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་ལ་བརྟེན་ནས། ཁྱད་ལྡན་ཐོན་ལས་མཐོར་འདེགས་དང་ཐོན་ལས་སྡེ་ཚོགས་བསྐྲུན་པ། འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་བའི་ཡོང་འབབ་འཕར་བར་བྱེད་པ། ངལ་ལས་མཉམ་ལས་བཅས་བྱས་ནས་འགུལ་སྐྱོད་བཞི་མཐོར་འདེགས་གཏོང་བ་དང་། ལས་ཞུགས་རོགས་སྐྱོར་འཁོར་ཁང་དང་སྤྱི་ཕན་ལས་གནས་སོགས་ཀྱི་བྱེད་ཐབས་བེད་སྤྱོད་ལེགས་པོ་བྱས་ཏེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་དགོས། སྤུས་མཐོ་ནུས་མཐོ་སྒོས་ས་ཡོམ་རྗེས་ཀྱི་བསྐྱར་གསོ་བསྐྱར་འཛུགས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ནས་ས་གཤིས་གནོད་འཚེར་གཡོལ་བའི་གནས་སྤོར་བཟོ་སྐྲུན་ལག་བསྟར་བྱེད་ལ། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་། ཞིང་སྡེའི་ཁྱིམ་ཚང་གི་སྤྱོད་ཁང་བསྒྱུར་བསྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ཟབ་སྤེལ་བྱེད་པ། རྒྱུན་མཐུད་སྒོས་ཞིང་སྡེའི་གོམས་སྲོལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང། ཕྱོགས་ཡོངས་ནས་ཞིང་སྡེ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། དུས་ཚིགས་བཞིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་དང་། དཔལ་འབྱོར་བཀོད་གཏོང་ལ་ཤུགས་སྣོན་བྱེད་པ་དང་། ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་བཏང་སྟེ། བདེ་འཇགས་ཉེན་ཁ་དོགས་ཟོན་བྱེད་པ་དང་། དམངས་ཚིས་དངོས་དོན་ལེགས་པོར་བསྒྲུབ་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་འགྲུབ་པར་བྱེད་དགོས།
ཚེ་རིང་ཐར་དང་ཝུའུ་ལཱ་ཙི་པེ་ཁི་རེས་སུའུ་ལིས་ཧན་གཉིས་མཉམ་དུ་རྟོག་ཞིབ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注