-འབྲོག་མོའི་ལས་དབང་སྙིང་ནས་དྲན་པ།-

གོ་སྦྲུལ་ཞགས། ཆབ་མདོ།


སྐྱ་མདའི་མིག་བརྡ་ལྷན་དུ་སྦྲ་སྒོར་ཕེབས་ཤིང་། །
ལྷས་རའི་ལྕི་འདམ་མཚམས་ནས་ཁ་རླངས་ཐུལ་ལེར། །
ཆུ་གཙང་མཆོད་ཁ་སྟེང་ཕྱོགས་ལྷ་ལ་འདྲེན་པའི། །
ལས་སྨོན་རྟེན་འབྲེལ་སྒྲིག་པའི་འབྲོག་མོ་དྲན་བྱུང་། །

གནམ་སའི་འདྲེས་མཚམས་བར་གྱི་རི་རྩེ་དེ་རུ། །
ཐོད་པའི་ལམ་ཆེན་སུམ་མདོར་ཕྱག་གིས་འགེབས་ཞོར། །
ཐག་རིང་སྡེ་མཐའ་འགྲིམས་པའི་གཅེས་ལོ་དེ་དང་། །
ཚེ་གང་འབྲལ་བར་མེད་པའི་གསོལ་འདེབས་དྲན་བྱུང་། །

སྦྲ་སྒོ་རླུང་ལྷས་ལྡག་པའི་སྒོ་ཆོན་འོག་ནས། །
རི་རྩེའི་སྣང་བྱེད་གདོང་ལ་འདྲེན་བྱེད་ཅེར་ཞོར། །
རབ་རིབ་ཤར་རི་ཕྲག་གི་ཉག་ཀའི་མཚམས་ནས། །
སྣང་བའི་གྲིབ་གཟུགས་འཆར་བའི་མཛའ་བརྩེ་དྲན་བྱུང་། །

གྲང་ལྷགས་ངར་ཁ་བཙན་པའི་བདེ་མོའི་ཐང་ནས། །
ལྕི་འདམ་ལག་པ་འཁྱག་པའི་རྣམ་འགྱུར་གཉོམ་པོས། །
ཕྱིར་དྲན་ཡིད་ཀྱི་ཞིང་ཁམས་ཁང་བཟང་ནང་དུ། །
དྲོད་རླབས་རབ་ཏུ་ཚ་བའི་ལག་འཇུ་དྲན་བྱུང་། །

མི་དབེན་རྫ་ལུང་མཐོན་པོའི་སྨུག་ལོང་ཁྲོད་དུ། །
རྫི་གླུ་སིང་སིང་འགུགས་པའི་བྲག་ཅ་ཐོས་ཚེ། །
མདུན་རི་བཀྲ་ཤིས་ལྷ་རིའི་ཆུ་མིག་འགྲམ་ནས། །
སྐྲ་ལོ་ཕྲག་སྟེང་ཉིལ་བའི་ཟླ་བོ་དྲན་བྱུང་། །

ཐུལ་དཀར་འབྲི་མོའི་བཞོ་དབྱངས་རྣ་བར་སིམ་དུས། །
བེའུ་ཆུང་ནེའུ་གསིང་ཐང་དཀྱིལ་མཉམ་དུ་འདེད་ཞོར། །
ཞེ་མཐུན་ཆ་འགྲིག་ངེད་གཉིས་འཛུམ་མདངས་སོ་ཕྲེང་། །
བྲེལ་ཟིང་འཚུབ་ཆའི་ཀློང་གི་སྣང་བརྙན་དྲན་བྱུང་། །

དགོང་ཆེན་ཉི་མས་ནུབ་རི་བརྒལ་ལ་ཁད་ཀྱི། །
གྲིབ་སོ་རོག་པོས་ཕ་གིའི་རི་སུལ་མཆེད་དུས། །
གློ་སྙིང་མཆིན་གསུམ་གྲི་ཡིས་གཤགས་པ་ནང་བཞིན། །
སྨྲེང་བ་དབྱངས་སུ་འདྲེས་པའི་མཛའ་གཞས་དྲན་བྱུང་། །

མི་ཚོགས་གཉིད་ལས་ཡུར་བའི་ཐོ་རེངས་ཤིག་ལ། །
ཁུ་སིམ་རི་གྲོང་གཉིས་ཀ་ཏིང་འཛིན་ཞུགས་སྐབས། །
སྲབ་མེད་སེམས་ཀྱི་རྟ་ཕོས་བྱང་ལམ་བཅད་ནས། །
ངལ་དུབ་རྔུལ་ནག་བཞུར་བའི་ཞག་ངན་དྲན་བྱུང་། །

རྨི་ལམ་སྟོང་བསམ་གཉིས་པོས་ལང་ཚོ་འཛད་ཅིང་། །
ངང་རྒྱུད་ཕྱི་ཐག་རིང་པའི་འབྲོག་ཐང་སྨན་ཆུང་། །
ཕ་མའི་བཀའ་བཀོད་བཙན་པོར་མགོ་བོ་སྒུར་བའི། །
ཕ་ཡུལ་རྩི་རོང་ཡུལ་གྱི་མཛངས་མའང་དྲན་བྱུང་། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号