ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་བ།
ཟླ9པའི་ཚེས9ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་བཞིན་པ།
ཟླ9པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་གྲོས་མོལ་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་། སང་ལོ་ནི་ཀྲུང་སི་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ20འཁོར་བའི་ལོ་ཡིན་པས།ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་།ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།འཐབ་ཇུས་ཀྱི་ངེས་ཤུགས་ལྡན་པའི་ཕྱོགས་གཉིས་ཀྱི་འབྲེལ་བ་མཉམ་དུ་གཏོད་པ།འཕེལ་རྒྱས་ཀྱི་འཐབ་ཇུས་ཆུ་ཚད་མཐོ་བའི་སྦྲེལ་མཐུད་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་མཉམ་འདྲེས་གཏིང་ཟབ་ཡོང་བར་དམིགས་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་ཕྱོགས་གཉིས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་དང་སྟབས་བདེའི་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ།“དབྱི་ཝུའུ་ནས་མ་ཏེ་རི”བར་གྱི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཉེར་སྐྱོང་ཡག་པོ་བཅས་བྱས་ཏེ།རྒྱལ་ཁབ་གཉིས་པོའི་ཚོང་དོན་མ་འཇོག་མཉམ་ལས་ཇེ་ལེགས་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་སོགས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་མ་དངུལ་གཏོང་བར་སྔར་ལས་སྟབས་བདེ་བསྐྲུན་པ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།སི་ཕེན་གྱིས་ཀྲུང་གོའི་ཁེ་ལས་སི་ཕེན་དུ་སོང་ནས་མ་དངུལ་གཏོང་བར་དྲང་གཞག་དང་བདེ་འཇགས།མཐོང་ཆུང་མེད་པ།སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་ལྗང་མདོག་དང་གསར་གཏོད་ལ་དམིགས་ཏེ་རང་ངོས་འཕེལ་རྒྱས་དང་གཞན་སྒྱུར་གྱི་དགོས་མཁོ་ཐག་གཅོད་པ་དང་ནུས་ཁུངས་གསར་པ་དང་ནུས་ཁུངས་གྲོན་ཆུང་།ཁོར་ཡུག་སྲུང་སྐྱོང་།གྲངས་འཛིན་དཔལ་འབྱོར།འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་ལུས་རྩལ།སློབ་གསོ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། རིག་གནས་ལྟེ་གནས་སོགས་ཀྱི་མཉམ་ལས་རྣམ་གྲངས་མཉམ་དུ་ཡག་པོར་གཉེར་དགོས། མིག་སྔར་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་ཡར་དགྱེ་བས། འཛམ་གླིང་གི་དཔལ་འབྱོར་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་ཕྱིན་ཡོད། ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་ཐོན་ནུས་ལྷག་འདུག་ཟེར་བར་གཞི་འཛིན་ས་ཅི་ཡང་མི་འདུག ཀྲུང་གོའི་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བ་ཡིནཔའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱེད་པ་དང་།གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱས་ཏེ། མཉམ་དུ་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་འདོད་ཡོད། རེ་བར་སི་ཕེན་གྱིས་ཀྲུང་ཡོབ་མཉམ་ལས་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རོགས།
སང་ཆེ་སི་ཡིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་དབར་གྱི་འགྲོ་འོང་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། སི་ཕེན་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བསམ་ཤེས་དང་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། བསམ་བློ་བརྗེ་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། རིག་གནས་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་མང་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། སི་ཕེན་གྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་དོ་སྙོམས་གཉིས་ཕན་གྱི་གཏམ་གླེང་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་རྒྱུ་ཡིན།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱིས་དཔལ་འབྱོར་དང་རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་འགོད་པར་མཉམ་དུ་བདེན་དཔང་བྱས།
ཝུའུ་ཀྲེང་ལུང་གོང་གི་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注