ཞི་ཅིན་ཕིང་གིས་སེ་ཧྲེར་གྱི་ཙུང་ཐུང་ལ་མུའུ་ཁ་ལ་ཝང་དང་ཐུག་འཕྲད་གནང་བ།
ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་གྲ་ཚོགས་འདུར་ཞུགས་པར་ཕེབས་པའི་སེ་ཧྲེར་གྱི་ཙུང་ཐུང་ལ་མུའུ་ཁ་ལ་ཝང་དང་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཞེེས་ཁྱབ་བསྒྲགས་མཛད།
འདི་ནི་ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་གྲ་ཚོགས་འདུར་ཞུགས་པར་ཕེབས་པའི་སེ་ཧྲེར་གྱི་ཙུང་ཐུང་ལ་མུའུ་ཁ་ལ་ཝང་དང་ཐུག་འཕྲད་གནང་བའི་ཚུལ་རེད།
ཀྲུང་གོ་དང་སེ་ཧྲེར་རྒྱལ་ཁབ་གཉིས་ནི་རྒྱ་མཚོ་ཆེན་པོའི་སྣེ་གཉིས་སུ་ཆགས་ཤིང་། མཛའ་གྲོགས་འགྲོ་འོང་བྱས་པ་བརྒྱུད་རི་རབ་དང་རྒྱ་མཚོ་ལས་བརྒལ་བའི་མཛའ་བརྩེ་བརྟན་པོ་བཙུགས་ཡོད། ཀྲུང་གོ་དང་སེ་ཧྲེར་འབྲེལ་བ་ནི་རྒྱལ་ཁབ་ཆེ་ཆུང་གཉིས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་དང་། འདྲ་མཉམ་མཉམ་གནས། ཕན་ཚུན་རོགས་རེས།གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དཔེ་མཚོན་ཞིག་རེད། རྒྱལ་ཁབ་གཉིས་པོས་མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དམིགས་སུ་འཛིན་པའི་བྱ་བ་ཞིག་ཏུ་བརྩིས་ཏེ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་དང་ཐུན་མོང་བདེ་འཇགས། སྲོལ་རྒྱུན་མཛའ་གྲོགས་བཅས་རྒྱུན་འཁྱོངས་བྱེད་དགོས། སེ་ཧྲེར་ཕྱོགས་མུ་མཐུད་དུ་ཀྲུང་གོ་དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ས་ཁུལ་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ནང་ཞུགས་ནས་རྒྱ་མཚོའི་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ། སེ་ཧྲེར་གྱི་རྒྱ་མཚོའི་དཔལ་འབྱོར་གྱི་སྦས་ཤུགས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་སེ་ཧྲེར་ཕྱོགས་དང་མྱུར་བསྟུན་དང་གནོད་འགོག་གནོད་འཕྲིའིི་མཉམ་ལས་ལ་ཤུགས་སྣོན་པ་དང་། སེ་ཧྲེར་ཕྱོགས་ཀྱིས་མཚོ་ཇག་དང་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་དང་སེ་ཧྲེར་ཕྱོགས་ཀྱིས་ཐད་ཀར་མཁའ་འགྲུལ་ཤར་གཏོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་པ་ཕྱོགས་གཉིས་སུ་འགྲོ་འོང་བྱེད་པར་སྐུལ་སློང་གཏོང་རྒྱུ་ཡིན། སེ་ཧྲེར་གྱི་ཕུལ་བྱུང་སློབ་མ་སྔར་བས་མང་པོ་ཀྲུང་གོར་ཟབ་སྦྱོང་དུ་ཡོང་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་རྒྱུན་འཛིན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་དང་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་པས། དུས་ནམ་ཡང་རྒྱལ་སྤྱིའི་ཐོག་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་མདུན་གྲལ་དུ་བསྐྱོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ24འཁོར་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སེ་ཧྲེར་སོགས་ཕྱོགས་ཁག་དང་མཉམ་དུ་ཐེངས་འདིའི་རྩེ་གྲ་ཚོགས་འདུ་བདེ་བླག་ངང་འཚོགས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་གཡུར་དུ་ཟ་བའི་འབྲས་བུ་སྔར་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ལ་མུའུ་ཁ་ལ་ཝང་གིས་བསྟན་དོན། སེ་ཧྲེར་དང་ཀྲུང་གོའི་མཛའ་གྲོགས་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཡག་པོ་བྱུང་བ་ལ་ཐུག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སེ་ཧྲེར་ལ་རོགས་རམ་མི་དམན་པ་སྣ་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་རིམས་འགོག་སྨན་ཁབ་ལས་སེ་ཧྲེར་གྱིས་ཅུང་མགྱོགས་མྱུར་ངང་པྲོག་གསར་རིམས་ནད་ལས་ཐར་བར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱུང་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་ཞིང་ལྟ་བ་ཟབ་པ་དང་འདུ་ཤེས་གལ་ཆེན་བཏོན་པའི་གྲོས་འགོར་ཡིད་སྨོན་འཆོར་གྱིན་ཡོད། ཀྲུང་གོའི་ཕྱོགས་དང་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕན་ཚུན་གྱི་གྲོགས་པོ་ངོ་མ་བྱེད་འདོད་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཐུབ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཁྲེང་ཏུའུ་ནས་སེ་ཧྲེར་བར་ཐད་ཀར་མཁའ་འགྲུལ་ཤར་གཏོང་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྔར་བས་སྐུལ་མ་ཐེབས་རྒྱུའི་རེ་སྒུག་བྱེད་པ་དང་། ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”སླར་ཡང་སེ་ཧྲེར་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་གྲ་ཚོགས་འདུ་བདེ་བླག་ངང་འཚོགས་ཐུབ་པར་སྨོན།
རྩེ་གྲ་ཚོགས་འདུའི་སྐབས་སུ། ཀྲུང་གོ་དང་སེ་ཧྲེར་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་ས་གནས་མཉམ་ལས་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་རྒྱུ་རེད།
ཝང་དབྱི་ཐུག་འཕྲད་ནང་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注