ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་ཁྲི་ཉིས་སྟོང་བདུན་བརྒྱ་སི་ཁྲོན་དང་ཧྲའན་ཤིས་ཀྱི་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་ལ་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སི་ཁྲོན་དང་ཧྲའན་ཤིས་ཞིང་ཆེན་གཉིས་ལ་ཆེད་དངུལ་སྒོར་ཁྲི་2700བཏང་སྟེ་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་ལ་སྤྱད་པ་རེད།

ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ། ཚན་རིག་དང་མཐུན་པའི་རོགས་སྐྱོབ་ལ་སྣང་ཆེན་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་བྱེད་པ་བཅས་བྱས་ནས་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་དགོས། མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་པས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་སྣོན་རྒྱག་པ། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་རེས་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། དམངས་ཀྱི་ཁྲོད་དུ་འཐབ་ས་དང་པོ་ནས་གནོད་འཚེ་ཚབས་ཆེ་ཤོས་དང་། ཉེན་སེལ་དཀའ་ངལ་ཆེ་ཤོས། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཡོད་པ་བཅས་ཀྱི་ས་ཆར་བསྐྱོད་དེ་ས་གནས་ས་ཐོག་ཏུ་བཀོད་གཏོང་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་དང་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཀྲུང་དབྱང་རྩ་འཛུགས་པུས་ནན་བཤད་བྱས་དོན། ཏང་དངུལ་དེ་དུས་ཐོག་ཏུ་གཞི་རིམ་ལ་སྤྲོད་དགོས་པ་དང་གཙོ་བོ་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་དང་གནོད་འཚེ་ཚབས་ཆེན་ཕོག་པའི་རྐྱེན་གྱིས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པར་སྤྱོད་དགོས། གནོད་འཚེའི་རྐྱེན་གྱིས་གཏོར་སྐྱོན་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་དགོས། འབྲེལ་ཡོད་ཞིང་ཆེན་གྱིས་དོན་དངོས་ལ་གཞིགས་ནས་རིམ་པ་དེ་གའི་དོ་དམ་ཏང་དངུལ་ནས་ལྷན་སྦྱར་མ་དངུལ་དུས་ཐོག་ཏུ་གཞི་རིམ་ལ་སྤྲད་དེ་འབྲུབ་འགོག་དང་། རྒུད་སྐྱོབ། ཉེན་སེལ་བཅས་ཀྱི་ལས་དོན་ལ་བཏང་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号