ཡང་བའི་བཟོ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཤིན།

རྩེར་སོན་ཅན་ལ་ཤུགས་རྒྱག་པ་དང་། རིག་ནུས་ཅན་ལ་དམིགས་པ། ལྗང་མདོག་ཅན་ལ་དམིགས་པ་བཅས་བྱས་ནས། རྒྱུན་སྤྱོད་རྫ་དཀར་དང་སྒྱུ་རྩལ་རྫ་དཀར་ནས་མཛེས་ལ་སྤྱོད་གོ་ཆོད་པའི་ཨར་སྐྲུན་རྫ་དཀར་དང་ཚན་རྩལ་གྱིས་ཕྱུག་པའི་དམིགས་བསལ་རྫ་དཀར་བར། རྫ་དཀར་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་འགྲོ་བཞིན་ཡོད་པ་རེད།

ཀྲུང་གོ་རྫ་དཀར་བཟོ་ལས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས“རང་རྒྱལ་ནི་རྫ་དཀར་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ལོ་རེའི་ཐོན་ཚད་དང་ཕྱིར་གཏོང་བྱེད་ཚད་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད”ཅེས་ངོ་སྤྲོད་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ས་གནས་ཁག་གིས་རིག་ནུས་ཅན་དམ་འཛིན་བྱ་གཞིར་བྱས་ནས། རྫ་དཀར་ཐོན་ལས་དམའ་རིམ་ནས་འབྲིང་རིམ་དང་མཐོ་རིམ་བར་རིམ་སྤོར་དང་། རགས་ལས་ནས་ཞིབ་ཚགས་བར་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མངག་བཀོད་ཅན་དང་ཁྱད་ལྡན་ཅན་གྱི་འཛད་སྤྱོད་དགོས་མཁོ་དེ་བས་སྐོང་བའི་ཁྲོད་ཐོན་ལས་ཀྱི་འགྲན་ནུས་ཆེ་རུ་བཏང་བ་རེད།

ལི་ལིང་གྲོང་ཁྱེར་ལ་མཚོན་ན། 2020ལོའི་ཚུན་གྲོང་ཁྱེར་ཡོངས་ཀྱི་རྫ་དཀར་ཁེ་ལས་100ལྷག་ཙམ་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4ཙམ་བཏང་ནས་བཟོ་རྩལ་དང་སྒྲིག་ཆས་ལེགས་སུ་བཏང་བ་དང་། རང་འགུལ་ཅན་དང་རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་1100ཙམ་ནང་འདྲེན་བྱས་པས། རིག་ནུས་ཅན་གྱིས་ཚབ་བྱེད་ཚད་70%ལས་བརྒལ་ཡོད་པ་རེད།

རྫ་དཀར་ལས་རིགས་ཙམ་མ་ཟད། རེས་སྐོར་གསར་པའི་ལག་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། གྲངས་འཛིན་ཅན་དང་རིག་ནུས་ཅན་དེ་ཡང་བའི་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གཙོ་རྒོལ་ཁ་ཕྱོགས་སུ་གྱུར་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་དང་དམངས་འཚོའི་ཐོན་ལས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཡང་བའི་བཟོ་ལས་ནང་ཟས་གོས་འགྲོ་སྡོད་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད། ཡང་བའི་བཟོ་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་པ་དང་སྤུས་ཚད་དང་ནུས་ཆོད་ཆེ་རུ་ཕྱིན་ཞིང་། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8.8ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་། ཁེ་བཟང་སྒོར་དུང་ཕྱུར་5242.9བྱུང་བ་དེ་དུས་མཚུངས་ལས་18.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་བཟོ་ལས་ལས་བརྒྱ་ཆའི་གྲངས་15.3གྱིས་མཐོ་བ་ཡོད་ཅེས་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཁྲུང་ཧོ་ཡིས་བཤད།

རིག་ནུས་ཅན་གཏིང་ཟབ་ཕྱོགས་སུ་བསྐྱོད་ཅིང་། 《ཡང་བའི་བཟོ་ལས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་སྙན་ཞུ》སྒྲིག་བཟོ་བྱས་ནས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་གསར་གཏོད་ཀྱི་གྲུབ་འབྲས་ཁག་70ཁྱབ་བསྒྲགས་བྱས་ཏེ། ཡང་བའི་བཟོ་ལས་ཀྱི་ཁེ་ལས་ལས་སྟེགས་ཅན་ལ་ཇུས་འགོད་བྱེད་པའི་བསྡུར་ཚད་16.3%ཟིན་པ་དང་རིག་ནུས་ཅན་གྱི་ཐོན་སྐྱེད་བསྡུར་ཚད་12.2%ཟིན་རྒྱུར་སྐུལ་འདེད་བཏང་བས། བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.7དང་བརྒྱ་ཆའི་གྲངས་5.6སོ་སོར་མཐོ་བ་ཡོད། མིག་སྔར་ཡང་བའི་བཟོ་ལས་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་77%ཟིན་པ་དང་བཟོ་ལས་གློག་རྡུལ་ཚོང་དོན་ཁྱབ་གདལ་གཏོང་ཚད་70%ཟིན་ནས་རིག་ནུས་བཟོ་སྐྲུན་ཕྱོགས་སུ་མགྱོགས་མྱུར་རིམ་སྤོར་བྱེད་བཞིན་ཡོད་པ་རེད།

ལྗང་མདོག་ཅན་གྱི་རང་མདངས་དེ་བས་མངོན་ཞིང་། ན་ནིང་གི་ཟླ་6པར《ཡང་བའི་བཟོ་ལས་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་གྱི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ནས། ཕྱོགས་6གི་གཙོ་གནད་ལས་འགན་ཁག་18བཏོན་ཏེ་ཡང་བའི་བཟོ་ལས་ལས་རིཌ་ཀྱིས་ལྗང་མདོག་ཁྱིམ་ཆས་དང་། ནུས་རྒྱུ་གྲོན་ཆུང་གི་ཁྱིམ་སྤྱོད་གློག་ཆས། ལྗང་མདོག་ཐུམ་སྒྲིལ་སོགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ཡང་བའི་བཟོ་ལས་ཀྱི་ལྗང་མདོག་བཟོ་གྲྭ་1041ཟིན་པ་དེས་རྒྱལ་ཡོངས་ཀྱི་1/5བཟུང་བ་དང་ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་གྱི་དོ་དམ་ཁེ་ལས་147ཟིན་པ་དེས་རྒྱལ་ཡོངས་ཀྱི་1/4བཟུང་ཡོད།

ཁྱུ་ཚོགས་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཞིང་། སི་ཁྲོན་དབྱི་པིན་གྱིས་སྒུལ་ཤུགས་གློག་རྫས་ཐོན་ལས་སྐྱེད་སྲིང་བྱས་པ་དང་། ལེའོ་ཉིང་ཏ་ལེན་གྱིས་ཁྱད་ལྡན་བཟའ་བཅའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་བཏང་བ། ཀྲེ་ཅང་ཡུང་ཁང་གིས“འཛམ་གླིང་ལྕགས་རིགས་གྲོང་ཁྱེར་གཙོ་བོ”བསྐྲུན་པ་སོགས་ཡང་བའི་བཟོ་ལས་ཐོན་ཁུལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་ནས། ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་300ལྷག་ཙམ་ཟིན་པ་དང་། སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་པའི་ཡང་བའི་བཟོ་ལས་ཐོན་ལས་ཁྱུ་ཚོགས་50སྐྱེད་སྲིང་བྱས་ཡོད། ཡང་བའི་བཟོ་ལས་ཐོན་ལས་ཁྱུ་ཚོགས་312ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱིས་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་40%ཡན་བཟུང་སྟེ་ཡང་བའི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཀ་རྟེན་སྟོབས་ཤུགས་ཤིག་ཏུ་གྱུར་པ་རེད།

“འབྱུང་འགྱུར་གྱི་དུས་སྐབས་ཤིག་ནི་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་ཤིག་རེད”ཀྲང་ཁྲུང་ཧོ་ཡིས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡང་བའི་བཟོ་ལས་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号