དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་གསུམ་པའི་གྲོས་མོལ་དེ་ཚེས26ཉིན་ཨ་མན་ནས་སྤེལ་རྒྱུའི་ཚུལ་བསྟན།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཉིན་དེར་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་བསྡུས་པའི་དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་གཉིས་པའི་བརྒྱུད་པའི་གྲོས་མོལ་མཇུག་སྒྲིལ་རྗེས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་རྗེས་མའི་བརྒྱུད་པའི་གྲོས་མོལ་དེ་ཚེས26ཉིན་ཨ་མན་ནས་སྤེལ་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། གྲོས་མོལ་ལ་ཞུགས་པའི་ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་གྱི་ནང་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ང་ཚོས་རྩ་དོན་དང་དམིགས་འབེན་སྐོར་ཞིག་ལ་ཐུན་མོང་གི་ལྟ་ཚུལ་གསལ་བོ་བྱུང་ཡོད་པར་མ་ཟད། སྐོར་ཐེངས་རྗེས་མའི་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་ཟེར།
ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། གྲོས་མོལ་གྱི་གྲུབ་འབྲས་ལ་གཞིགས་ནས། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་ལག་རྩལ་ཚོགས་ཁག་གིས་ཚེས23ཉིན་ཆེད་མཁས་རིམ་པའི་གྲོས་མོལ་མགོ་བརྩམས་པ་དང་། ཆེད་མཁས་པ་དག་གིས་བྲེ་བྲག་གི་ནང་དོན་ལ་གྲོས་བསྡུར་བྱས་ཏེ་གྲོས་མཐུན་སྒྲོམ་གཞིའི་ཆེད་དུ་ཇུས་གཞི་གཏན་འབེབས་བྱེད་རྒྱུ་རེད། སྐོར་ཐེངས་གསུམ་པའི་བརྒྱུད་པའི་གྲོས་མོལ་དེ་ཚེས26ཉིན་ཨ་མན་ནས་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཆེད་མཁས་པའི་བྱ་བའི་གྲུབ་འབྲས་ལ་དཔྱད་འཇོག་བྱེད་རྒྱུ་མ་ཟད། གྲོས་མཐུན་འགོད་ཐུབ་མིན་ལ་ཚོད་སྒམ་བྱེད་རྒྱུ་རེད་ཟེར།
ཨ་ལཱ་ཀི་ཆི་ཡིས་ནན་གྱིས་བསྟན་དོན། གྲོས་མོལ་གྱི་སྙིང་བོ་ནི་ཉིང་རྡུལ་ནུས་པའི་གནད་དོན་ཡིན་པ་དང་། དབྱི་ལིང་གིས་ལངས་ཕྱོགས་དེ་རྒྱུན་འཁྱོངས་བྱས་ཡོད། དབྱི་ལིང་གི་ཞི་བདེའི་ཉིང་རྡུལ་ནུས་པའི་འཆར་གཞིར་ཡིད་ཆེས་བྱེད་པ་དང་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བ་ལས་གཞན། གྲོས་མོལ་གྱི་བརྗོད་གཞི་ལས་ནང་དོན་གཞན་པ་ཡིན་མི་སྲིད། ད་ལྟའི་བར་དུ་ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་སྒྲོམ་གཞི་དེ་བརྩི་སྲུང་བྱས་ཡོད་ཟེར།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས19ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁས་ཉིན་དེར་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་གྱི་མགོ་འཛིན་འོག་ཕན་ནུས་ལྡན་པའི་སྒོ་ནས་བརྒྱུད་པའི་གྲོས་མོལ་བྱས་པ་དང་། གྲོས་མོལ་དེར་སྣང་ཚུལ་བཟང་བོ་བྱུང་ཡོད་ལ། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཉིན་འགའི་རྗེས་སུ་མུ་མཐུད་དུ་ལག་རྩལ་རིམ་པའི་བརྒྱུད་པའི་གྲོས་མོལ་སྤེལ་བར་འཐད་པ་བྱུང་བ་དང་། ཚེས26ཉིན་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུ་རེད་ཟེར།
གཞན་ཡང་དབྱི་ཐཱ་ལེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས19ཉིན་རོ་མཱ་ནས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་ལ་གྲུབ་འབྲས་གསར་བ་བྱུང་ཡོད་ཀྱང་། འཕེལ་རིམ་བདེ་བླག་ཡིན་མི་སྲིད་པས། རྒྱལ་སྤྱིའི་ལས་ཁུངས་ཟབ་ཞུགས་བྱེད་དགོས། དེ་ལྟ་མིན་ཚེ་གྲོས་མཐུན་གང་ཡིན་ཡང་རེ་འདུན་བཟང་བོ་ཙམ་ལས་མ་འདས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注