གང་ནས་འོང་བ་མི་ཤེས་པའི་མི།

རྩོམ་པ་པོ། : བྱ་རོག 

ད་ལོའི་ཟླ་བདུན་པའི་ཚེས་བཅུ་སྟེ་ད་ནས་བརྩིས་པའི་ཉིན་བཅུ་གཉིས་ཀྱི་གོང་ལ། ང་ཚོའི་ལུང་པར་ལག་ཏུ་པར་ཆས་ཤིག་དང་ཟིན་བྲིས་ཤིག རྒྱབ་ཏུ་ཁུག་མ་ཆེན་པོ་ཞིག་ཁུར་ཡོད་པའི་སྐྱེས་པ་ཕོ་ལོ་སུམ་ཅུ་ཙམ་ཞིག་སླེབས།

ང་ཚོའི་ལུང་པ་ནི་ལུང་ཁུག་ཅིག་ཡིན་ལ།ད་སྔ་དེ་ལྟ་བུའི་སྐྱེས་པ་ཞིག་ཡོང་མྱོང་མེད་པས་སྡེ་བའི་མི་དག་གིས་ཁོ་ནི་ལམ་ཁ་ནོར་ནས་འདིར་སླེབས་པ་མིན་ནམ་སྙམ་ཟེར་གྱིན་འདུག

འོན་ཀྱང་ཁོས་བཤད་ན་ཁོ་ནི་ལམ་ཁ་ནོར་བ་མ་ཡིན་པར་ང་ཚོའི་ལུང་པར་དམིགས་པ་གཏད་དེ་ཡོང་བ་ཡིན་ཟེར།  སྐབས་དེར་ང་དང་གྲོང་མི་འགས་ཁོའི་གཡས་གཡོན་དུ་བལྟས་ཤིང་།ཨ་ཁུས་སྟོད་ཐུང་གི་ཕུ་ཐུང་ཡར་རྫེ་བཞིན་སྒོ་འགྲམ་དུ་ཕྱིར་ཐོན་ཞིང་། སྐྱེས་པ་དེའི་གདོང་ལ་ལྟ་བཞིན་འཚམས་འདྲི་བྱས།

“ས་ཆ་འདིའི་མིང་ལ་སྐྱིད་གཞུང་ཟེར་བ་རེད་དམ།ང་རང་དམིགས་སུ་སློབ་དཔོན་དང་མཁས་གྲུབ་མང་པོའི་སྒྲུབ་གནས་བྱིན་གནས་སྒྲུབ་ཕུག་ལ་མཇལ་བར་ཡོང་བ་ཡིན”ཞེས་སྐྱེས་པ་དེས་དེ་སྐད་བཤད་དུས་ཁོའི་གདོང་གི་སྨ་ར་ཡང་ཁོས་སྐད་ཆ་བཤད་པ་དང་མཉམ་དུ་གཡོ་འགུལ་བྱེད་ཀྱིན་འདུག ཁོས་མུ་མཐུད་དུ“འོ་རེད། ངའི་མིང་ལ་བདེ་ལྡན་ཟེར”ཞེས་བཤད།

ཨ་ཁུས་ཁོའི་གདོང་ལ་ལྟ་ཙམ་བྱས་ཏེ་བསམ་བློ་གཏོང་བཞིན་དུ“ང་ཚོའི་ལུང་པར་སྐྱིད་གཞུང་ཟེར་གྱི་རེད་དེ། བྱིན་གནས་སྒྲུབ་ཕུག་ཟེར་བ་ཞིག་གོ་མྱོང་མེད།  ཨ་རོག་ཚོ། ཁྱོད་ཚོས་དེ་གོ་མྱོང་ཡོད་དམ”ཞེས་གཡས་གཡོན་དུ་འཛོམས་ཡོད་པའི་མི་དག་ལ་ཕར་ལྟ་ཚུར་ལྟ་བྱེད་བཞིན་དྲིས།

མཐའ་འཁོར་གྱི་མི་དག་གིས་གོ་མྱོང་མེད་པའི་བརྡ་ལ་མགོ་བོ་འཕྲེད་དུ་གཡུག་བཞིན་འདུག་པར། བདེ་ལྡན་གྱིས“ས་ཆ་འདི་ཡིན་པ་གཏན་འཁེལ་རེད། ལུང་པའི་རྒྱབ་ཏུ་ད་དུང་བྲག་རི་དཀར་པོ་ཞིག་ཀྱང་ཡོད་པ་རེད”ཟེར་བས། སུས་ཀྱང་མེད་ཅེས་བཤད་མ་ཐུབ་པར་ལུས་འདུག

ཨ་ཁུས“འདི་ནས་བྲག་རི་དཀར་པོའི་བར་དུ་ཁ་ཐག་ཅུང་རིང་ལ་ལམ་ཁ་ཡང་མི་བདེ་བས།དེ་རིང་དེར་སླེབས་དཀའ་རྒྱུ་རེད།  དེ་བས། དོ་དགོང་འདིར་བསྡད་ནས་སང་ཉིན་ཡར་ཕྱིན་ན་སྟབས་བདེ་རྒྱུ་རེད”ཟེར་ཞིང་།ཨ་ཁུས་ཡང་བསྐྱར་ཁོའི་གདོང་ལ་ལྟ་བཞིན“མ་གཞི་ཁྱོད་རང་ས་ཆ་གང་ཞིག་ནས་ཡོང་བ་ཡིན”ཞེས་དྲིས།

“ང་ནི་མི་རིགས་སློབ་ཆེན་གྱི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཡིན། ད་ཐེངས་ལོ་རྒྱུས་ཞིབ་འཇུག་གི་དགོས་དབང་གིས་ས་འདིར་ཡུལ་དངོས་རྟོག་ཞིབ་བྱེད་པར་ཡོང་བ་ཡིན”ཟེར།

“ཡ་ཡ། ད་འཕྱི་པོ་ཆགས་འདུག ཁྱིམ་དུ་འགྲོ”ཟེར་ནས་ཨ་ཁུས་བདེ་ལྡན་ཁྱིམ་དུ་ཁྲིད་ནས་བུད་སོང་། མི་རྣམས་ཀྱང་རང་སར་ལོག་རྗེས་ང་རང་ཁ་རོག་གེར་ཨ་ཁུའི་ཁྱིམ་དུ་མི་དེས་ཅི་བྱེད་ལ་བལྟ་བར་ཕྱིན་པ་ཡིན།

ང་ཡར་སླེབས་དུས་ཨ་ཁུ་དང་བདེ་ལྡན་གཉིས་ཀྱིས་ཇ་འཐུང་ཞོར་དུ་གླེང་མོལ་བྱེད་ཀྱིན་འདུག  

“ང་ཡང་སྔོན་ཆད་དགོན་པར་ཕྱིན་ནས་ལོ་བཞི་ཙམ་ལ་བསྡད་པ་ཡིན།ཕྱིས་སུ་དོན་དག་འདྲ་མིན་རེ་བྱུང་བས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།འདི་ངའི་ཚ་བོ་རེད”ཟེར་བཞིན་ང་ལ་བལྟས་བྱུང་བས། བདེ་ལྡན་གྱིས་ཀྱང་ཕོར་བ་མར་བཞག་ནས་ང་ལ་ལྟ་བཞིན“ཕོ་གསར་སྟག་ཕྲུག་འདྲ་བ་ཞིག་ཆགས་ཚར་ས་རེད།ལོ་ག་ཚོད་ཡིན”ཟེར་བས།

ངས“ལོ་བཅུ་དགུ”ཞེས་པ་ལས་གཞན་ཅི་ཡང་མ་བཤད་པར་ཨ་ཁུའི་གཡས་འགྲམ་དུ་བསྡད་པ་ཡིན།

ཁོ་གཉིས་གད་མོ་རེ་དགོད་ཅིང་སླར་ཡང་མུ་མཐུད་དེ་གླེང་མོལ་བྱས་བྱུང་བས་ངས་ཀྱང་ཁོ་གཉིས་མ་གཉིད་བར་དུ་ཧང་སང་བཞིན་ཉན་ནས་བསྡད།

ནུབ་མོ་དེར།བདེ་ལྡན་གྱིས་སྲོང་བཙན་སྒམ་པོ་དང་ཐོན་མི་སམ་བྷོ་ཊ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་རྗེ་ཙོང་ཁ་པ། ད་དུང་ཡུལ་སྐྱིད་གཞུང་གི་ལོ་རྒྱུས་སོགས་ངས་སྔར་གོ་མ་མྱོང་བའི་གཏམ་རྒྱུད་རབས་དང་རིམ་པ་ཞིག་བཤད་ནས་ངའི་ཡིད་ཀྱི་དང་བ་དབང་མེད་དུ་དྲངས་པར་བྱས།

ཕྱི་ཉིན་ཞོགས་པར།བདེ་ལྡན་བྲག་དཀར་གྱི་ཕྱོགས་སུ་ཆས་སོང་། ང་དང་ཨ་ཁུ།ད་དུང་གྲོང་མི་རེ་ཟུང་གིས་མཉམ་དུ་མིག་སྐྱེལ་བྱས་པ་ཡིན།བདེ་ལྡན་མི་མཐོང་སར་སོང་རྗེས་ཁོ་ཚོས་བདེ་ལྡན་སྐོར་གྱི་སྐད་ཆ་དྲིས་བྱུང་བས།ཨ་ཁུས་བདེ་ལྡན་སྐོར་གྱི་སྐད་ཆ་རེ་ཟུང་བཤད་ཀྱིན་འདུག་ཀྱང་།ངས་ནི་མི་རྣམས་ལྕེ་བསྣར་དགོས་པ་ཞིག་མ་ཐུབ་ཀྱང་ཁ་གདངས་དགོས་པ་ཞིག་བཟོ་དགོས་བསམས་ནས་ཁོས་བཤད་པའི་སྐད་ཆ་ཚང་མ་མི་རྣམས་ལ་བཤད་ཅིང་། སྒྲོག་ཅི་ཐུབ་བྱས་པ་ཡིན།

འོན་ཀྱང་། མི་རྣམས་ཀྱིས་དེ་དག་ལ་ཡིད་ཆེས་ཀྱིན་མི་འདུག་ལ། སྐད་ཆ་དེ་དག་ནི་རྫུན་སྒྲུང་རང་རེད་ཟེར།

“སྲོང་བཙན་དང་ཐོན་མི་ཟེར་བ་དེ་ཚོ་གོ་མྱོང་མེད་ནའང་།རྗེ་ཙོང་ཁ་པ་གོ་མྱོང་ལོས་ཡོད།རྗེ་ཙོང་ཁ་པ་ནི་སངས་རྒྱས་དངོས་ཤིག་ཡིན་པ་ལས་མི་དཀྱུས་མ་ཞིག་ག་ལ་ཡིན།ཁོས་རྗེ་ཙོང་ཁ་པ་མི་དཀྱུས་མ་ཞིག་ཡིན་ཟེར་ན་སུས་ཁས་ལེན་རྒྱུ་རེད།དེ་ནི་ལྟ་ལོག་པ་རང་རེད”དེ་སྐད་ཟེར་བ་དང་གཡས་གཡོན་གྱི་མི་གཞན་རྣམས་ཀྱང་ཁོའི་རྗེས་སུ་འུར་བཞིན་འདུག

སྐབས་དེར་ང་ལ་གཏམ་རྒྱུད་བཤད་པའི་སྤྲོ་སྣང་དེ་མ་བྱུང་ལ། དེ་ལས་ལྡོག་པའི་སུན་སྣང་ཞིག་འགོག་མེད་དུ་སྐྱེས་པས་ངས་ཀྱང་ལན་གང་ཡང་མ་བྱིན་པར་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན།

ཉིན་དེའི་དགོང་མོར། བདེ་ལྡན་བྲག་དཀར་ལ་བལྟ་རུ་ཕྱིན་ནས་ཕྱིར་ལོག་ཡོང་དུས། ངས་ད་དུང་རང་ཁྱིམ་གྱི་དཔེ་དེབ་ཁྲོད་དུ་སྲོང་བཙན་དང་ཏཱ་སི་ཏུ་སོགས་བདེ་ལྡན་གྱིས་བཤད་པའི་ལོ་རྒྱུས་མི་སྣ་དེ་དག་བཙལ་བཞིན་ཡོད།  ངའི་ཁྱིམ་དུ་དཔེ་དེབ་མང་པོ་ཡོད་ལ། ཨ་ཁུའི་ཁྱིམ་དུའང་དཔེ་དེབ་མང་པོ་ཡོད་པས། ངས་ཡར་མར་མང་པོ་ཞིག་བཙལ་བ་ཡིན་མོད་སྲོང་བཙན་ཞེས་པ་ཞིག་མཐོང་རྒྱུ་མ་བྱུང་ལ། དེ་དག་གི་གཏམ་རྒྱུད་དེ་ཚོ་ནི་དེ་བས་ཀྱང་མ་མཐོང་བས།   ངས་གྲོང་མི་རྣམས་ཀྱིས་བཤད་པ་ལྟར་བདེ་ལྡན་གྱིས་རྫུན་སྒྲུང་བཤད་ཀྱི་ཡོད་པ་ཨེ་ཡིན་ནམ་སྙམ་ནས་དོགས་པ་ཡང་སྐྱེས།

ངས་བདེ་ལྡན་ཕྱིར་ལོག་ནས་ཨ་ཁུའི་ཁྱིམ་དུ་བུད་སོང་བ་མཐོང་བས་ང་ཡང་ཨ་ཁུའི་ཁྱིམ་དུ་ཕྱིན་པ་ཡིན།

ཨ་ཁུའི་སར་སླེབས་སྐབས་བདེ་ལྡན་དང་ཨ་ཁུ་གཉིས་ཀྱིས་ད་དུང་གླེང་མོལ་བྱེད་ཀྱིན་འདུག་སྟེ། བདེ་ལྡན་གྱིས་བཤད་ན་ཡུལ་སྐྱིད་གཞུང་ལུང་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་ཚོ་འདི་ནས་བླ་མ་དང་མཁས་པ་ད་དུང་དཔའ་བོ་མང་པོ་ཐོན་མྱོང་།གནའ་སྔ་མོར་གུ་ཤྲི་ཟེར་བ་ཞིག་དང་བེ་རི་རྒྱལ་པོ་ཟེར་བས་གནས་འདི་ནས་དམག་འཁྲུག་བརྒྱབ་མྱོང་བ་དང་། བེ་རི་རྒྱལ་པོའི་དམག་ཕམ་རྗེས་གུ་ཤྲིས་བེ་རི་རྒྱལ་པོ་དང་དེའི་བློན་པོ་དང་རྒན་རྒོན་དང་བཅས་པ་མང་པོ་མཚོན་ལ་དྲངས་པར་མ་ཟད།སྔོན་གྱི་ལོ་རྒྱུས་དང་བེ་རི་རྒྱལ་པོ་གླེང་མི་ཆོག་པར་བཟོས་པས་ཁྱོད་ཚོའི་གྲོང་ཚོའི་མི་རྣམས་ཀྱིས་གཏམ་རྒྱུད་དེ་ཚོ་མ་ཤེས་པ་རེད་ཟེར་བས།ངས་ཐེ་ཚོམ་གནོན་མ་ཐུབ་པར“ངས་དེ་རིང་ལོ་རྒྱུས་ཀྱི་དཔེ་ཆ་མང་པོར་བལྟས་ཀྱང་ཁྱོད་ཀྱིས་བཤད་པ་དེ་འདྲ་ཞིག་མཐོང་མ་བྱུང”ཞེས་བཤད་པ་ཡིན།

འོན་ཀྱང་བདེ་ལྡན་གྱིས་གད་མོ་ཅུང་ཟད་དགོད་པ་ཙམ་ལས་ལན་ཅི་ཡང་མ་བྱིན་ལ། ཁོས་མུ་མཐུད་དུ“དེ་རིང་ངས་ད་དུང་རྡོ་བརྐོས་ཀྱི་ཡི་གེ་གསར་པ་ཞིག་རྙེད་སོང”ཟེར་བཞིན།ཁོའི་ཟིན་བྲིས་དེ་དང་པར་ཆས་དེ་ཡར་བླངས་བྱུང་། ཁོས་ཟིན་བྲིས་དེ་ཁ་ཕྱེ་ནས་ཨ་ཁུའི་ལག་ལ་བཞག་སོང་བས་ངས་ཕར་ལ་བལྟས་པ་ན་དེའི་ཁྲོད་དུ་ས་ཁྲ་ཞིག་བྲིས་འདུག 

ངས་གསལ་པོ་ཞིག་བལྟས་མ་ཚར་བར་ཁོས་ང་ཚུར་ཁྲིད་ཅིང་པར་ཆས་དེ་ང་ལ་སྤྲད་དེ་བལྟ་རུ་བཅུག་བྱུང་བས།ངས་མགོ་གཡས་སྐོར་གཡོན་སྐོར་གྱིས་བལྟས་པ་ན་དེའི་ཁྲོད་དུ་ཡི་གེ་མང་པོ་ཞིག་ཡོད་པ་མཐོང་།ཡི་གེ་མང་ཆེ་བ་གསལ་པོ་ཞིག་མཐོང་མི་ནུས་ཀྱང་། བར་བར་གསེང་གསེང་ནས་ཡི་གེ་མང་པོ་མཐོང་བྱུང་བས་ཁོས་བཤད་པ་དེ་ཚོར་བདེན་བློ་བྱུང་།

བདེ་ལྡན་སོང་རྗེས་གྲོང་མི་དག་གིས་བཤད་ན་ཁོ་ནི་གང་ནས་འོང་བ་མི་ཤེས་པའི་མི་ཞིག་ཡིན་པས།ང་ཚོས་གཟབ་གཟབ་མ་བྱས་ན་ཁོས་རྫུན་སྒྲུང་འདྲ་མིན་བཤད་དེ་གྲོང་ཚོ་འདི་དཀྲུགས་པའི་ཉེན་ཁ་ཡོད་ཟེར།འོན་ཀྱང་ང་ནི་གཏམ་རྒྱུད་དེ་ཚོ་ལ་ཆགས་པ་ལས་ཁོ་ཚོས་བཤད་པ་ལ་དོ་སྣང་བྱེད་འདོད་མི་འདུག ཕངས་པ་ཞིག་ནི་བདེ་ལྡན་ཕྱིར་ལོག་ཟིན་པས་གཏམ་རྒྱུད་དེ་ཚོར་ཡང་ཉན་པའི་སྐལ་བ་བྲལ།

བདེ་ལྡན་སོང་རྗེས་སྐྱིད་གཞུང་ལུང་པ་སླར་ཡང་འཇམ་ཅག་གེར་གྱུར།ཁོ་སོང་བའི་རྗེས་སུ་ང་ཚོའི་ལུང་པར་ལོ་རྒྱུས་བཤད་མཁན་མེད་ལ་སྐྱིད་གཞུང་གི་གཏམ་རྒྱུད་གླེང་མཁན་ཡང་མ་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号