ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་བརྩི་སྲུང་མ་བྱས་པའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས20ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་སྣང་མེད་དུ་བསྐྱུར་ནས་མུ་མཐུད་དུ་ཨུ་རུ་སིར་འཇབ་རྒོལ་བྱས་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཉིན་དེར་བསྟན་དོན། འདས་ལོག་དུས་ཆེན་གྱི་སྐབས་སུ་ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་དཔུང་འཇུག་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་སྣང་མེད་དུ་བསྐྱུར་ཏེ། ཏོན་ནེ་ཚི་ཁི་ས་ཁུལ་གྱི་སྡོད་དམངས་འདུས་སྡོད་བྱེད་ས་གཉིས་ཀྱི་ཨུ་རུ་སིའི་དམག་དཔུང་གི་རྟེན་གཞིར་མཚན་མོར་འཇབ་རྒོལ་བྱེད་རྩིས་བྱས་ཀྱང་མཐར་སྐྲོད་བཏང་ཡོད། དེ་ལས་གཞན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་མི་མེད་གནམ་གྲུ་ཞེ་བརྒྱད་མངག་ནས་ཨུ་རུ་སིའི་རྟེན་གཞིར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེངས་བཞི་བརྒྱ་ཞེ་བཞི་བྱས་པར་མ་ཟད། ད་རུང་ཨུ་རུ་སིའི་པུའུ་ལིང་སི་ཁི་མངའ་སྡེ་དང་ཁུའུ་ཨར་སི་ཁི་མངའ་སྡེ། པེ་ཨར་ཀི་ལོ་ཏི་མངའ་སྡེ་བཅས་ཀྱི་མཐའ་མཚམས་ས་ཁུལ་སོགས་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མར་ཤི་རྨས་བཟོས་པ་དང་དམངས་བཀོལ་གྱི་སྒྲིག་ཆས་ལ་གཏོར་བརླག་བཏང་ཡོད་ཟེར།

གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་དཔོན་གྱི་བཀའ་རྒྱ་ལྟར། ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ས་ཁོངས་ནང་གི་དམག་དཔུང་ཚང་མས་ཚེས19ཉིན་གྱི་དགོང་མོའི་དུས་ཚོད་དྲུག་ནས་བཟུང་འཁྲུག་རྩོད་མཚམས་འཇོག་པའི་གཏན་འཁེལ་བརྩི་སྲུང་ནན་མོ་བྱས་ནས། དེའི་སྔོན་བཙན་བཟུང་བྱས་པའི་འགོག་ཐིག་ནང་ཁུལ་དུ་བསྡད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ཚེས20ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཨུ་རུ་སིའི་དམག་དཔུང་གིས་ཕྱོགས་སོ་སོ་ནས་གློ་བུར་བའི་འཇབ་རྒོལ་ཐེངས་ཞེ་དྲུག་དང་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེངས་དགུ་བརྒྱ་ལྷག་སྤེལ་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། འདས་ལོག་དུས་ཆེན་སྐབས་སུ་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ཤར་ངོས་ཀྱི་པའོ་ཁི་ལོ་ཧྥུའུ་སི་ཁི་ཕྱོགས་ནས་འཇབ་རྒོལ་བྱས་པ་དང་། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་སོགས་སུ་འཁྲུག་རྩོད་མཚམས་བཞག་ཡོད་པའི་བཤད་ཚུལ་དེ་སྟོང་གཏམ་དུ་གྱུར་བ་རེད་ཟེར།

གཞན་ཡང་ཐཱ་སི་གསར་འགྱུར་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཇེ་རིང་དུ་གཏོང་མིན་གྱི་གནད་དོན་ཐད་ནས་ལན་འདེབས་སྐབས་བཤད་རྒྱུར། བཀའ་རྒྱ་གཞན་པ་གང་ཡང་མེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号