ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཁ་པར་གྲོས་མོལ་བྱས་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱེད་མཚམས་འཇོག་པར་ཡིད་འཐད་བྱུང་།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་དང་མཉམ་དུ་ཉིན་དེའི་སྔ་དྲོར་ཁ་པར་གྲོས་མོལ་བྱས་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ནུས་ཁུངས་སྒྲིག་ཆས་ཀྱི་འཇབ་རྒོལ་མཚམས་འཇོག་པ་དང་ས་ཁུལ་རེ་འགའི་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭ་ཨར་ཙི་ཡིས་མམཉ་དུ་བཀོད་པའི་གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ཙེ་ལིན་སི་ཅི་ལ་ཕྱོགས་ཡོངས་ནས་ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་གཙོས་ཚེས18ཉིན་ཁ་པར་གྲོས་མོལ་བྱས་པའི་གནས་ཚུལ་དང་གྲོས་བསྡུར་བྱས་པའི་གནད་འགག་གི་གནད་དོན་མཚམས་སྦྱོར་བྱས། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་མ་འོངས་པའི་ཉིན་འགའི་ནང་སོ་ཏི་ཨ་རབ་ནས་གྲོས་མོལ་བྱེད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་ཁྱབ་ཁོངས་མཚོ་ནག་བར་རྒྱ་བསྐྱེད་དེ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་མགོ་གཙོས་བལྟས་ན། ནུས་ཁུངས་སྒྲིག་ཆས་ལ་འཇབ་རྒོལ་བྱེད་མཚམས་འཇོག་པ་དང་འཁྲུག་རྩོད་མཚམས་འཇོག་པའི་ཁྱབ་ཁོངས་དེ་མཚོ་ནག་བར་དུ་རྒྱ་བསྐྱེད་པ་མངོན་འགྱུར་བྱུང་ན། ཕྱོགས་ཡོངས་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཙེ་ལིན་སི་ཅི་ཡིས་ཁ་པར་གཏོང་སྐབས་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་ལེན་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་མགོ་གཙོས་འཐབ་འཁྲུག་གནས་བབ་ཀྱི་འཕེལ་རྒྱས་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་མི་སྣའི་བར་ཆ་འཕྲིན་མཉམ་སྤྱོད་གང་ལེགས་བྱེད་པར་འཐད་པ་བྱུང་། ཙེ་ལིན་སི་ཅི་ཡིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་མཁའ་སྲུང་མ་ལག་དང་། ཁྱད་པར་དུ་རྒྱལ་གཅེས་མཁན་ཞེས་པའི་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་བར་མཉམ་ལས་བྱས་ཏེ་བཀོལ་ཆོག་པའི་ཐོན་ཁུངས་འཚོལ་ཞིབ་བྱེད་པར་འཐད་པ་བྱུང་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་གྱི་གློག་ཤུགས་མཁོ་འདོན་དང་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་གླེང་བ་དང་། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱས་པའི་གློག་འདོན་ས་ཚིགས་བདག་གཉེར་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁས་གློག་འདོན་ས་ཚིགས་དེ་དག་གི་བདག་དབང་ཐད་ནས་རྨང་གཞིའི་སྒྲིག་ཆས་དེ་དག་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལའང་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注