ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་བཀག་འགོག་བྱེད་པ་ནི་ཞི་བའི་གྲོས་མཐུན་འགོད་པའི་འགན་སྲུང་ཡིན་པའི་ཚུལ་བསྟན།
ཨུ་རུ་སིའི་གསར་འགྱུར་ཚགས་པར་གྱིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཞི་བའི་གྲོས་མཐུན་འགོད་ཆེད། ཨུ་རུ་སིའི་ཕྱོགས་ལ་བློ་གཏད་རུང་བའི་བདེ་འཇགས་འགན་སྲུང་མཁོ་བ་དང་། དེའི་ནང་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་བཀག་འགོག་བྱེད་པ་དང་ཝུའུ་ཁི་ལན་གྱིས་དབུ་མའི་གོ་གནས་སྲུང་འཛིན་བྱེད་པ་འདུས་ཡོད་ཟེར།
ཀི་ལུའུ་ཧྲི་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་དེས་ཞི་བའི་གྲོས་མཐུན་ནང་བཞག་སྟེ། ས་ཁུལ་གྱི་སྤྱིའི་བདེ་འཇགས་ལ་ཤུགས་སྣོན་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ད་ལྟ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་ནུབ་ཕྱོགས་རྒྱལ་ཁབ་དག་ལ་འཐབ་ཇུས་ཕམ་ཉེས་འབྱུང་བའི་དུས་རིམ་དུ་བསླེབས་ཡོད། ཡོ་རོབ་གླིང་གིས་ངེས་པར་དུ་ཨུ་རུ་སིའི་བདེ་འཇགས་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། ངེས་པར་དུ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་བཀག་འགོག་བྱེད་དགོས་ལ། ཝུའུ་ཁི་ལན་དུ་ཕྱི་རྒྱལ་གྱི་དམག་དཔུང་བཀོད་སྒྲིག་བྱེད་པའམ་དེ་བཀོལ་ནས་ཨུ་རུ་སིར་དམག་དོན་གནོན་ཤུགས་སྟེར་རྩིས་བྱེད་པའི་འཆར་གཞི་བསྐྱུར་དགོས་པ་གསལ་བོར་ངེས་དགོས་ཟེར།
ཀི་ལུའུ་ཧྲི་ཁི་ཡིས་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་དུ་ཞི་བདེའི་སྲུང་སྐྱོབ་མི་སྣ་བཀོད་སྒྲིག་བྱས་པར་གྲོས་བསྡུར་བྱེད་པ་འོས་འཚམ་ཡིན་ཞིང་། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་གང་ཡིན་ཡང་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཝུའུ་ཁི་ལན་དུ་ཞི་བདེའི་སྲུང་སྐྱོབ་མི་སྣ་མངག་གཏོང་བྱས་ན། དེ་ཡང་འཁྲུག་རྩོད་ཀྱི་ཕྱོགས་གཅིག་ཏུ་གྱུར་སྲིད་ལ། དེ་ལས་བཟོས་པའི་མཇུག་འབྲས་ཡོད་ཚད་ལ་འགན་ཁུར་དགོས་ཟེར། ཁོས་བཤད་རྒྱུར། ཞི་བའི་གྲོས་མཐུན་བཀོད་ན་ད་གཟོད་ལྟ་ཞིབ་པ་མངག་གཏོང་བྱེད་པའམ་འབྲེལ་ཡོད་ཀྱི་རྐྱེན་སྲོལ་འཛུགས་པར་གྲོས་བསྡུར་བྱས་ཆོག་ལ། གྲོས་མཐུན་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་ཐུབ་ཟེར།
ཀི་ལུའུ་ཧྲི་ཁི་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་རེ་བ་ཆེན་པོ་མེད། གལ་ཏེ་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་མཉམ་ལས་གྲོགས་པོར་མ་བརྩིས་ན། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་པ་ལས་གཞན། ཕྱོགས་གཉིས་བར་གྲོས་མོལ་བྱེད་སའི་གནས་ཅི་ཡང་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注