ཅོར་ཏན་གྱི་རྒྱལ་པོས་ཕ་ལེ་སི་ཐན་གྱི་ནད་ཕོག་པའི་བྱིས་པ་དང་ལེན་བྱེད་རྒྱུའི་ཚུལ་བསྟན།

ད་ལྟ་ཨ་མེ་རི་ཁར་འཚམས་འདྲི་བྱེད་བཞིན་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཚེས11ཉིན་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས། ཅོར་ཏན་གྱིས་མྱུར་དུ་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པའི་ནད་ཕོག་པའི་བྱིས་པ་དང་ལེན་བྱེད་པའི་ཚུལ་བསྟན་ཞིང་། ཁོས་ཉིན་དེར་ཅོར་ཏན་གྱིས་ཕ་ལེ་སི་ཐན་པ་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་བདའ་འདེད་བྱེད་པར་ངོ་རྒོལ་བྱེད་པར་བསྐྱར་སྒྲོག་བྱས།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཉིན་དེར་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་སྒྲུབ་ཁང་དུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་གྲོས་མོལ་བྱེད་སྐབས་ཡུལ་དངོས་ཀྱི་གསར་འགོད་པའི་དྲི་བ་དང་ལེན་བྱས།

ཐི་ལང་ཕུའུ་ཡིས་ཅོར་ཏན་དང་ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པ་དང་ལེན་དང་བཀོད་སྒྲིག་བྱེད་པར་འབྲེལ་བ་ཡོད་པའི་གྲོས་གཞི་འདོན་སྐབས། ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས། ཅོར་ཏན་ཕྱོགས་ཀྱིས་མྱུར་དུ་སྐྲན་ནད་དང་ནད་ལྕི་མོ་གཞན་པ་ཕོག་པའི་ཕ་ལེ་སི་ཐན་པའི་བྱིས་པ་སྟོང་གཉིས་ཙམ་བསྡུ་ལེན་བྱེད་རྒྱུ་མ་ཟད། ཨེ་ཅིབ་ཕྱོགས་ཀྱིས་འདིའི་ཐད་གྲོས་གཞི་འདོན་པར་སྒུག་ཡོད་ཟེར། ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས། ཅོར་ཏན་དང་ཨེ་ཅིབ་སོགས་ཨ་རབ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་པིན་ས་ལི་མན་གྱི་གདན་ཞུ་འབྱོར་ཡོད་ཅིང་། མི་འགྱངས་བར་སོ་ཏིའི་རྒྱལ་ས་ལིས་ཡ་ཏི་རུ་འབྲེལ་ཡོད་དོན་དག་ལ་གྲོས་སྡུར་བྱེད་རྒྱུ་ཡིན་ཟེར།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་ཕོ་བྲང་དཀར་པོ་དང་ཁ་བྲལ་རྗེས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཁོས་ཐི་ལང་ཕུའུ་ལ་ཅོར་ཏན་དང་ཨེ་ཅིབ་ཀྱིས་ཕ་ལེ་སི་ཐན་པ་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་བདའ་འདེད་གཏོང་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་བསྐྱར་བསྒྲགས་བྱས་ཤིང་། འདི་ནི་ཨ་རབ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ལངས་ཕྱོགས་ཡིན་ཞེས་བཤད། ཁོས་ཕ་ལེ་སི་ཐན་པ་བཙན་གྱིས་ཕ་ཡུལ་དང་ཁ་འབྲལ་དུ་མི་འཇོག་པའི་གནས་ཚུལ་འོག  ཅ་ཧྲ་བསྐྱར་འཛུགས་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐག་གཅོད་བྱེད་རྒྱུ་ནི་ཕྱོགས་སོ་སོའི་སྐབས་བབ་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ཟེར།

ཐི་ལང་ཕུའུ་ཉིན་དེར་ཨ་མེ་རི་ཁ་དང་ཅོར་ཏན། ཨེ་ཅིབ་ཕྱོགས་གསུམ་གྱིས་ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པ་གནས་སྤོ་དང་བཀོད་སྒྲིག་བྱེད་པའི་གནད་དོན་སྟེང་འཕེལ་རིམ་ཆེན་པོ་ལོན་པ་དང་། ཅ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་པ་ཅོར་ཏན་གྱི་ས་ཁུལ་དང་ཨེ་ཅིབ་ཀྱི་ས་ཁུལ། ཡང་ན་ས་ཁུལ་གཞན་ཞིག་ཏུ་གནས་སྤོ་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད་ཀྱང་། དུས་མཉམ་དུ། ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁས་ཅ་ཧྲ་ས་ཁུལ་བདག་འཛིན་ནམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཚུལ་བསྟན།

ཐི་ལང་ཕུའུ་ཡིས་ཚེས10ཉིན་ཅོར་ཏན་དང་ཨེ་ཅིབ་ལ་འཇིགས་སྐུལ་བྱས་ཏེ། གལ་ཏེ་རྒྱལ་ཁབ་གཉིས་ཀྱིས་ཁོས་བཏོན་པའི་ཕ་ལེ་སི་ཐན་པ་བསྡུ་ལེན་དང་བཀོད་སྒྲིག་བྱེད་པའི་གྲོས་གཞི་དང་ལེན་མི་བྱེད་ན། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ལ་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད། ཚེས11ཉིན། ཐི་ལང་ཕུའུ་ཡིས་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་ཐུག་འཕྲད་བྱེད་སྐབས་གོང་གི་འཇིགས་སྐུལ་སྐད་ཆ་མེད་པར་བཏང་ཞིང་། རང་ཉིད་དང་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པའི་འབྲེལ་བ་ཧ་ཅང་བཟང་ཞིང་། ཁོ་ཚོས་དོན་དག་རེ་འགའ་འགྲུབ་ཐུབ་ཅིང་། ཁོས་སྒོར་མོར་བརྟེན་ནས་འཇིགས་སྐུལ་བྱེད་དགོས་དོན་མེད་པའི་ཚུལ་བསྟན།

ཐི་ལང་ཕུའུ་ཡིས་ཚེས4ཉིན། ཨ་མེ་རི་ཁས་ཅ་ཧྲ་ས་ཁུལ་བདག་འཛིན་དང་ཡུན་རིང་བདག་བཟུང་བྱས་ཏེ། ད་སྐབས་ཅ་ཧྲ་ས་ཁུལ་དུ་སྡོད་པའི་ཕ་ལེ་སི་ཐན་པ་ཅོར་ཏན་དང་ཨེ་ཅིབ་སོགས་རྒྱལ་ཁབ་གཞན་པར་བཀོད་སྒྲིག་བྱེད་པའི་ཚུལ་བསྟན་ཞིང་། ཐི་ལང་ཕུའུ་ཡིས་དུས་མཉམ་དུ། ཅ་ཧྲ་ས་ཁུལ་དུ་ཨ་མེ་རི་པའི་དམག་དཔུང་བཀོད་སྒྲིག་བྱེད་སྲིད་པའི་ཚུལ་བསྟན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱོད་ཚུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཅེས་རྒོལ་གཏམ་བཏང་ཞིང་། དེ་དང་ལེན་མི་བྱེད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号