ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་མི་ཆོས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཚེས6ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་སུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུའུ་ཏན་གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལ་མི་ཆོས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀིན་ཧྲོང་གིས་བཤད་རྒྱུར། སུའུ་ཏན་གྱི་གདོང་ཐུག་དེ་ཟླ20རིང་རྒྱུན་འཁྱོངས་བྱས་ཡོད། ད་ལྟ་དམག་འཁྲུག་གི་མེ་ལྕེ་སྔར་བཞིན་མུ་མཐུད་དུ་མཆེད་ཀྱིན་ཡོད་པ་དང་། མི་སེར་ཤི་རྨས་ཀྱི་གྲངས་ཀ་མུ་མཐུད་དུ་ཇེ་མང་དང་ཡུལ་གྱར་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། འབྲུ་རིགས་དཀོན་པ་དང་འགོས་ནད་ཡང་ཡང་བྱུང་སོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བ་སོགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྣང་མེད་དུ་བལྟས་བསྡད་ན་མི་འགྲིག་ཟེར།
ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་སྲིད་གཞུང་སོགས་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རོགས་སྐྱོར་དངོས་ཟོག་དུས་ཐོག་ཏུ་དགོས་མཁོ་ཡོད་པའི་མི་ཚང་མའི་ལག་ཏུ་འབྱོར་བར་འགན་ལེན་བྱས་ཏེ། དཀའ་ངལ་གྱི་གནས་སུ་ལྷུང་བའི་སུའུ་ཏན་གྱི་མང་ཚོགས་ལ་རེ་བ་སྦྱིན་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་སྲོལ་རྒྱུན་རོགས་སྐྱོར་ཕྱོགས་ཀྱིས་སུའུ་ཏན་དང་དེ་བཞིན་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ལ་མི་ཆོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞལ་འདེབས་ཀྱི་ཁས་ལེན་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀིན་ཧྲོང་གིས་མི་ཆོས་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་བ་བྱེད་དགོས་ཞེས་བསྟན། འབྲེལ་ཡོད་སྒྲིག་གཞིས་བྱ་བ་སྒྲུབ་སྐབས་མི་ཆོས་དང་བར་གནས། དྲང་བདེན། རང་ཚུགས་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་འབྲེལ་ཡོད་དཔྱད་དཔོག་དང་སྙན་ཞུའི་འབྲས་བུ་ཕྱི་རོལ་ཡུལ་དང་མཐུན་པ་དང་ཕྱོགས་ཡོངས་ནས་གནས་ཚུལ་དངོས་མཚོན་པར་འགན་ལེན་བྱས་ནས། སྔར་ལས་དམིགས་ཡུལ་རང་བཞིན་ལྡན་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས། མི་ཆོས་ཀྱི་གནད་དོན་དེ་ཐེ་གཏོགས་དང་གནོན་ཤུགས་སྟེར་བའི་ཁ་གཡར་ས་རུ་སྤྱོད་མི་རུང་ལ། སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་པའི་ལག་ཆ་ཞིག་ཏུ་དེ་བས་ཀྱང་འགྱུར་མི་རུང་ཞེས་བསྟན།
ཀིན་ཧྲོང་གིས་དམག་འཁྲུག་མཚམས་འཇོག་རྒྱུ་ནི་མི་ཆོས་ཀྱི་གནས་བབ་ཞི་འཇགས་སུ་གཏོང་བའི་རྩ་བའི་ཐབས་ལམ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། ས་གནས་དེའི་གནས་བབ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆ་སེལ་བ། མི་སེར་དང་དམངས་སྤྱོད་སྒྲིག་ཆས་ལ་ཤུགས་རྐྱེན་མི་ཐེབས་པར་སྲུང་སྐྱོང་བྱེད་པ་དང་། མི་ཆོས་བྱ་བ་སྒྲུབ་མཁན་གྱི་བདེ་འཇགས་འགན་ལེན་བྱས་ནས། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ཀྱི་ཚད་མཐའ་ལས་མི་བརྒལ་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་གྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། འདུམ་སྒྲིག་མཉམ་སྡེབ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། བྱེད་ཐབས་ནུས་ལྡན་འཚོལ་ཞིབ་དང་གསར་སྐྲུན་བྱས་ཏེ་ཆབ་སྲིད་ཀྱི་ཐག་གཅོད་ཐབས་ལམ་ལ་བརྟེན་ནས། སུའུ་ཏན་གྱི་ཞི་བདེ་སྔ་མོ་ནས་སླར་གསོ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཞེས་བསྟན།
ཀེང་ཧྲོང་གིས་བཤད་རྒྱུར། ཀྲུང་གོས་སུའུ་ཏན་ལ་མཁོ་འདོན་བྱས་པའི་འབྲུ་རིགས་རོགས་སྐྱོར་སྐོར་གསར་བ་དེ་འབྱོར་ཟིན་པས། སུའུ་ཏན་གྱི་མི་ཆོས་གནས་བབ་ཞི་འཇགས་སུ་གཏོང་བར་ལེགས་སྐྱེས་ཕུལ་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ནུས་ཤུགས་ཅི་ཡོད་ཀྱིས་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སུའུ་ཏན་གྱི་ཞི་བདེ་བརྟན་འཇགས་སྔ་མོ་ནས་སླར་གསོ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注