ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ལོ་འཁོར53ལོན་པའི་བྱེད་སྒོ་ལུའོ་ཧྲན་ཅི་རུ་སྤེལ་བ།
ཚེས22ཉིན་ཀྲུང་གོ་དང་ཨ་རིའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ལོ་འཁོར53འགོར་བར་དྲན་གསོ་ཞུ་བའི་གླེང་སྟེགས་དང་དགོང་སྟོན་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡི་ལུའོ་ཧྲན་ཅི་རུ་འཚོགས་པ་དང་། རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་ལས་རིགས་དང་ཆབ་སྲིད་ལས་རིགས། ཚོང་ལས་ལས་རིགས་སོགས་ཀྱི་མི་སྣ་བརྒྱ་ཕྲག་བྱེད་སྒོར་ཞུགས་ཡོད།
ཀྲུང་གོ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ངམ་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀའོ་ཀྲི་ཏན་གྱིས་ཐེངས་འདིའི་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། ཁོང་གིས་འཕྲིན་ཡིག་ནང་དེ་སྔ“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་བཏང་བ་མ་ཟད། ད་དུང་གོ་ལ་ཧྲིལ་པོར་ལུས་རྩལ་ཕྱི་འབྲེལ་གྱི་དཔེ་མཚོན་བཏོད་ཡོད། ད་ཆ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ལུས་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ལྷག་པར་དུ་ཕིང་ཕང་སྤོ་ལོའི་ཁྱབ་ཁོངས་སུ་ཐུན་མོང་གིས་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་དང་མཉམ་བསྲེས་རུ་ཁག་འགྲན་བསྡུར་སོགས་ཀྱི་རྣམ་པ་གསར་པ་སྤེལ་བ་བརྒྱུད་ནས།“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་ཟམ་མི་ཆད་པར་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་ཀྱི་མི་ཆོས་བརྗེ་རེས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད་ཅེས་བསྟན།
ཁོང་གིས་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཁག་དང་མཉམ་ལས་བྱས་ནས། ཐུན་མོང་གིས་རྒྱལ་ཁབ་གཉིས་པོའི་རྩལ་འགྲན་ལུས་རྩལ་དང་གཞོན་ནུ་ན་ཆུང་གི་ལུས་རྩལ་སོགས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་།“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ལུས་རྩལ་གྱིས་ཀྲུང་ཨའི་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས་ཅེས་བསྟན།
ཨ་རིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སེ་ཁེ་སི་ཡིས་ཤིས་ཚིག་གསུང་སྐབས།“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ནི་ལུས་རྩལ་དང་ཕྱི་འབྲེལ་ལས་བརྒལ་བའི“འགག་རྩའི་དུས་སྐབས”ཤིག་ཡིན། “སྤྱིར་བཏང་མིན་པའི་དོན་རྐྱེན”འདིས་རྒྱལ་ཁབ་གཉིས་ཀྱི་བར་བསྐྱར་དུ་གསར་རྙེད་ཡོང་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་མངོན་འགྱུར་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་དང་། མཛའ་བཤེས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བསྟན།
ཁོང་གིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་ཤུགས་རྐྱེན་དེ་ལུས་རྩལ་ལས་མང་པོ་ཞིག་བརྒལ་ཡོད་པ་དང་། དེས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་བརྗེ་རེས་ལ་སྒོ་མོ་འབྱེད་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་གསར་བཟོ་བྱེད་པ་དང་ཆབས་ཅིག མི་རྣམས་ལ་དེ་བས་ཞི་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་ལྕག་ཡང་བཏང་ཡོད་ཅེས་ནན་གྱིས་བསྟན།
ལུའོ་ཧྲན་ཅིར་བཅའ་སྡོད་ཀྱི་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀུའོ་ཧྲའོ་ཁྲུན་གྱིས་ཤིས་ཚིག་གསུངས་སྐབས། ཀྲུང་གོ་དང་ཨ་རི་གཉིས་མཉམ་ལས་མཉམ་ཁེ་བྱུང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད། མིག་སྔར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ཇེ་ཉུང་དུ་སོང་མེད་པར་མ་ཟད། དེ་ལས་ལྡོག་སྟེ་མང་དུ་ཕྱིན་ཡོད། མི་རྣམས་ཀྱིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཀྲུང་ཨའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས། ད་དུང་འཛམ་གླིང་ཡོངས་བཅས་ཀྱི་ངོས་ནས་བརྗོད་ནའང་གདམ་ག་ཡང་དག་ཅིག་ཡིན་པས་རེད་ཅེས་བསྟན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注