ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ཕྱོགས་སུ་སྒྲ་དང་མྱུར་ཚད་མཐོ་བའི་འཕུར་མདེལ་འཕངས་ཟེར།
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས16ཉིན་བཤད་རྒྱུར། རྩ་འཛུགས་དེས་དབྱི་སི་རལ་ཕྱོགས་སུ་སྒྲ་དང་མྱུར་ཚད་མཐོ་བའི་འཕུར་མདེལ་ཞིག་འཕངས་པ་དང་། དབུས་རྒྱུད་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་ཡི་དམག་དོན་དམིགས་འབེན་ཞིག་ལ་ཕོག་ཟེར།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་མི་སྣར་རྒྱབ་སྐྱོར་བྱེད་ཆེད། ཧུའུ་སེ་དྲག་ཆས་པས་སྒྲ་དང་མྱུར་ཚད་མཐོ་བའི་འཕུར་མདེལ་འཕངས་ནས་ཐི་ལཱ་ཝེ་ཧྥུའུ་ཡཱ་ཧྥ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་རྡུང་རྡེག་བཏང་བ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་མཚམས་འཇོག་རག་བར་དུ་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་མང་པོ་སྤེལ་རྒྱུ་ཡིན་ཟེར།
སྨྱན་བྱད་ལས་བསྒྲགས་པ་ལྟར་ན། ཉིན་དེའི་སྔ་ཙམ་ལ་ཐི་ལཱ་ཝེ་ཧྥུའུ་སོགས་སུ་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་དེའི་རྗེས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་མཁའ་དམག་གིས་ཡེ་མིན་ནས་འཕངས་པའི་འཕུར་མདེལ་ཞིག་བཀག་འགོག་བྱས་པས། འཕུར་མདེལ་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕེན་མ་ཐུབ་པ་དང་། ཉེན་བརྡ་གྲགས་དོན་ནི་བཀག་འགོག་བྱེད་པའི་བརྒྱུད་རིམ་ཁྲོད་མདེལ་ཧྲུལ་སར་ལྷུང་བའི་ཉེན་ཁ་ཡོད་སྲིད་པའི་རྐྱེན་རེད་ཟེར།
ཡེ་མིན་སྲིད་གཞུང་དམག་གི་གནས་ཚུལ་མི་སྣ་གཉིས་ཀྱིས་ཚེས16ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཨ་རི་དང་དབྱིན་ཇིའི་མཉམ་འབྲེལ་དམག་གིས་ཉིན་དེར་ཡེ་མིན་ནུབ་བྱང་རྒྱུད་ཀྱི་ཧྭ་ཅེ་ཞིང་ཆེན་གྱི་ཧུའུ་སེ་དྲག་ཆས་པའི་སྤོ་འགུལ་མེ་ཤུགས་འཕུར་མདེལ་འཕེན་བྱེད་ཅིག་ལ་འཇབ་རྒོལ་བྱས་ཟེར། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱས་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་རྒྱུར། ཐེངས་འདིར་ཨ་རི་དང་དབྱིན་ཇིའི་མཉམ་འབྲེལ་དམག་གི་འཐབ་འཛིང་གནམ་གྲུ་ཞིག་གིས་འཇབ་རྒོལ་བྱས་པ་རེད་ཟེར།
ན་ནིང་གི་ཟླ10པར་སྐོར་ཐེངས་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཐབ་རྩོད་བྱུང་བའི་ཚུན་ལ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་དང་འཕུར་མདེལ་མང་པོ་སྤྱད་ནས་ཧུང་ཧེ་དང་ཨཱ་ལཱ་པའོ་ཧེ་སོགས་ཆུ་ཁོངས་ཀྱི་དབྱི་སི་རལ་དང་འབྲེལ་ཡོད་ཀྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་མ་ཟད། དུས་རྒྱུན་དུ་དབྱི་སི་རལ་གྱི་སྐམ་སའི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་བླང་བྱ་བཏོན། ད་ལོའི་ཟླ1པའི་ཚེས12ཉིན་ནས་བཟུང་། ཨ་རི་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་ཐེངས་མང་པོ་འཇབ་རྒོལ་བྱས་ནས་མི་སྣར་ཤི་རྨས་ཐེབས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注