སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་ལྟེ་བའི་གྲོང་ཁྱེར་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས38ལ་འཕར།
ཚེས15ཉིན་གྱི་དགོང་མོ། སུའུ་ཏན་གྱི་ས་གནས་རྩ་འཛུགས“ཧྥ་ཞི་ཨར་འགོག་རྒོལ་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་རྩ་འཛུགས”ཀྱིས་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་དེའི་ནུབ་རྒྱུད་ཏ་ཨར་ཧྥུའུ་ཨར་བྱང་མའི་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞི་ཨར་གྱི་གྲོང་མིའི་སྡོད་ཁུལ་ཞིག་ལ་ཚེས14ཉིན་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གི་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི38ལ་འཕར་ཡོད་ཟེར།
《སུའུ་ཏན་གླེང་སྟེགས་ཚགས་པར》སྟེང་གནས་ཚུལ་དངོས་སུ་མཐོང་མཁན་གྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཧྥ་ཞི་འར་གྲོང་ཁྱེར་ལྟེ་གནས་ཀྱི་ཨའོ་ལ་ཏེ་ལི་ཕུའུ་སྡོད་དམངས་ས་ཁུལ་གྱི་ཁྲོམ་ར་ཞིག་ཏུ་འབར་མདེལ་འཕངས་པ་ལས་འབར་གས་དྲག་པོ་དང་མེ་སྐྱོན་ཆེན་པོ་བྱུང་སྟེ། ཉུང་མཐར་ཡང་མི36རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཅུ་གྲངས་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་ཟེར།
ཉིན་དེའི་སྔ་དྲོར“ཧྥ་ཞི་ཨར་འགོག་རྒོལ་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་རྩ་འཛུགས”ཀྱིས་བཤད་རྒྱུར། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གི་མི་མེད་གནམ་གྲུས་ཉིན་དེར་ཨའོ་ལ་ཏེ་ལི་ཕུའུ་ཡུལ་མིའི་སྡོད་ཁུལ་དུ་འབར་ཤུགས་ཆེ་བའི་འབར་མདེལ4འཕངས་པ་ལས་མི20ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་20ལྷག་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཟེར། སུའུ་ཏན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་ཡོད་པ་རེད།
སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ལན་ཅི་ཡང་བཏབ་མེད།
ད་ལོའི་ཟླ5པའི་ཚེས10ཉིན་ནས་བཟུང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་ས་གནས་དྲག་ཆས་དང་མཉམ་འབྲེལ་གྱིས་ཏ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མའི་ཚོད་འཛིན་དབང་ཆར་དམིགས་ཏེ། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་དང་མཉམ་དུ་ཧྥ་ཞི་ཨར་དུ་དམག་འཐབ་དྲག་པོ་བྱས། མིག་སྔར། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ནུབ་རྒྱུད་ཀྱི་ཏ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཏ་འར་ཧྥུའུ་འར་མངའ་སྡེ་བྱང་མ་ཕུད་པའི་མངའ་སྡེ་གཞན་པ4ཚོད་འཛིན་བྱས་ཡོད།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁར་ཐུམ་དུ་གདོང་ཐུག་དྲག་པོ་བྱུང་ཞིང་། དམག་འཁྲུག་གི་མེ་ལྕེ་དེ་རིམ་གྱིས་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་དེའི་ཁྲོད་དུ་སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་བརྒྱད་བདུན་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་དྲུག་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注