སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཏཱ་མཱ་སི་ཁུ་ཚོད་འཛིན་བྱས་པ་དང་་ཙུང་ཐུང་ཨ་སཱ་ཏི་ཡིས་འགན་ཁུར་མཚམས་བཞག་ནས་སི་རི་ཡར་ཁ་བྲལ།
སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཚེས8ཉིན་བཤད་རྒྱུར། ཁོ་ཚོས་རྒྱལ་ས་ཏཱ་མཱ་སི་ཁུ་ཚོད་འཛིན་བྱས་པར་མ་ཟད་ཨ་སཱ་ཏིའི་སྲིད་དབང་རྩ་གཏོར་བཏང་བ་ཡིནཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་བསྟན་དོན། ཙུང་ཐུང་ཨ་སཱ་ཏི་ཡིས་ཙུང་ཐུང་གི་འགན་ཁུར་མཚམས་བཞག་པར་མ་ཟད་སི་རི་ཡ་དང་ཁ་བྲལ་ཟེར།
ཚེས8ཉིན་གྱི་སྐྱ་རེངས་ནས་བཟུང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཏཱ་མཱ་སི་ཁུ་རུ་མེ་མདའི་སྐད་གྲགས་པ་ཐོས་བྱུང་ཟེར། མང་ཚོགས་མང་ཤོས་ཀྱིས་བདེ་འཇགས་བསམ་ནས་ཁྱིམ་དུ་བསྡད་པ་དང་། མང་ཚོགས་ཁ་ཤས་ཀྱིས་རླངས་འཁོར་བསྐོར་ནས་ཁ་བྲལ་བ་རེད། ས་གནས་དེ་གའི་མང་ཚོགས་ཀྱིས་གསར་འགོད་པར་མེ་མདའ་ཁུར་བའི་དྲག་ཆས་མི་སྣ་སི་རི་ཡའི་ཙུང་ཐུང་བཞུགས་ཤག་མི་དམངས་ཕོ་བྲང་དང་ཝའོ་མཱ་ཡའི་ཐང་ཆེན་སོགས་མཚོན་བྱེད་རང་བཞིན་ལྡན་པའི་བཟོ་བཀོད་ཀྱི་ཉེ་འགྲམ་དུ་ཐོན་པ་བདེན་དཔང་བྱས། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་རླངས་འཁོར་མང་ཤོས་དེའི་རྗེས་སུ་ཏཱ་མཱ་སི་ཁུ་གྲོང་ཁྱེར་ཁུལ་དུ་འབྱོར་ཟེར།
མིག་སྔར། སི་རི་ཡའི་གནས་བབ་ཐད་གནད་དོན་གསུམ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་དེ། གཅིག་ནི་ཨ་སཱ་ཏི་གནས་གང་ཞིག་ལ་འགྲོ་རྒྱུ་ཡིན་པ་དེ་རེད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སི་རི་ཡའི་དྲག་ཆས་འགལ་བའི་ཕྱོགས་སོ་སོས་གྲོས་མོལ་བྱས་པར་མ་ཟད་ཞི་བདེའི་དབང་ཤུགས་བརྒྱུད་སྤྲོད་ལ་མཛུབ་སྟོན་བྱས་རྗེས། ཨ་སཱ་ཏི་ཡིས་ཙུང་ཐུང་གི་འགན་ཁུར་མཚམས་བཞག་པར་མ་ཟད་སི་རི་ཡ་དང་ཁ་བྲལ་བ་རེད་ཟེར།
གཉིས་ནི་སྲིད་དབང་བརྒྱུད་སྤྲོད་བྱེད་པ་དེ་རེད། སི་རི་ཡའི་ཙུང་ལི་ཅཱ་ལཱ་ལིས་ཀྱིས་བསྟན་དོན། ངོ་རྒོལ་ཕྱོགས་ཁག་དང་འབྲེལ་གཏུག་བྱས་རྗེས། ཕྱོགས་གཉིས་ཀ་སྤྱི་པའི་ལས་ཁུངས་ལ་སྲུང་སྐྱོབ་བྱེད་པར་འཐད་པ་ཡིན་ཟེར། ཅཱ་ལཱ་ལིས་ཀྱིས་མི་དམངས་ཀྱིས་བདམས་པའི་འགོ་ཁྲིད་པ་དང་མཉམ་ལས་བྱེད་པའི་གྲ་སྒྲིག་བཟང་པོ་བྱས་ཡོད་པར་བསྟན།
གསུམ་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལྟ་ལྟངས་གང་འདྲ་ཡིན་པ་དེ་རེད། ཨ་རིའི་རྒྱལ་སྲུང་པུའུ་ཡི་དཔོན་པོས་བཤད་རྒྱུར། ཨ་རིས་སི་རི་ཡའི་ཤར་རྒྱུད་ཀྱི་དམག་དོན་གནས་ཚུལ་མུ་མཐུད་དུ་རྒྱུན་སྲུང་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་སི་རི་ཡའི་དམག་དོན་རྟེན་གཞིར་ཚད་མཐོའི་དོགས་ཟོན་རྣམ་པ་བཟུང་ཡོད་ལ། མིག་སྔར། ཨུ་རུ་སིའི་དམག་དོན་མི་སྣའི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་མེད་ཟེར། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། དབྱི་ལང་གིས་སི་རི་ཡའི་གནས་བབ་ཁྲོད་ཀྱི་འགག་རྩའི་ཟབ་ཞུགས་པའི་ཕྱོགས་ཀྱི་འགུལ་སྐྱོད་ལ་གཞིགས་ནས། དགོས་མཁོ་ཡོད་སྐབས་འོས་འཚམ་གྱི་བྱེད་ཐབས་དང་ལངས་ཕྱོགས་སྤྱོད་རྒྱུ་ཡིན་ཟེར། ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཧྥའེ་ཏན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་འབྲེལ་ཡོད་ཕྱོགས་དང་མཉམ་ལས་བྱས་ནས་སི་རི་ཡ་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པ་དང་། འཇིགས་སྐུལ་རྩ་འཛུགས་ལ་རྩ་བ་ནས་མིག་སྔའི་གནས་བབ་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མིན་ཟེར།
ཏཱ་མཱ་སི་ཁུའི་མའེ་ཙེ་ས་ཁུལ་དུ་ཚེས8ཉིན་གྱི་ཕྱི་དྲོར་ཐེངས་འགར་འགས་གཏོར་སྒྲ་ཆེན་པོ་གྲགས་ཀྱིན་ཡོད་པར་བསྟན། སི་རི་ཡའི་སྨྱན་བྱད་ཀྱིས་བསྒྲགས་རྒྱུར། ཕལ་ཆེར་དབྱི་སི་རལ་གྱི་དམག་ཆས་ཀྱིས་ཏཱ་མཱ་སི་ཁུའི་ལྷོ་རྒྱུད་ཀྱི་མཁའ་དམག་རྟེན་གཞིར་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས8ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཀི་ལན་མཐོ་སའི་དབྱི་སི་རལ་དང་སི་རི་ཡའི་མཐའ་མཚམས་དམག་དོན་བར་བཅད་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཉིན་དེའི་ཅུང་འགོར་བའི་སྐབས་བསྒྲགས་རྒྱུར། དབྱི་སི་རལ་གྱི་དམག་གིས་ཀི་ལན་མཐོ་སའི་ཧིའར་མིན་རི་བོའི་སི་རི་ཡའི་སོ་ལྟ་ཁང་ཚོད་འཛིན་བྱས་ཟེར།
འདས་ཟིན་པའི་གཟའ་འཁོར་གཉིས་ཀྱི་རིང་། སི་རི་ཡའི་གནས་བབ་ཇེ་ཞན་དུ་སོང་བ་དང་། ངོ་རྒོལ་ཕྱོགས་ཁག་དྲག་ཆས་སྔ་ཕྱིར་ཨ་ལའེ་ཕའོ་དང་ཧྭ་མཱ་སོགས་ཀྱི་གྲོང་རྡལ་གཙོ་བོར་སོང་ནས་བཙན་འཛུལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཧ་ལས་པར་བྱས། གོ་ལ་ཅན་རིག་མཛོད་ཀྱི་ཀྲུའུ་རིན་གཞོན་པ་འབུམ་རམས་པ་ཀའོ་ཀྲི་ཁའེ་ཏའོ་ཧྭ་བགྲོ་གླེང་ལ་ཞུགས་སྐབས་གསར་འགོད་པར་བསྟན་དོན། སི་རི་ཡའི་མིག་སྔའི་གནས་བབ་ནི་ཨ་རི་དང་དབྱི་སི་རལ་གྱིས་མཐོང་འདོད་པ་དེ་ཡིན་མོད། འོན་ཀྱང་དབྱི་ལང་དང་དབྱི་རག ཐུར་ཁེ་བཅས་ལ་མཚོན་ནས་བཤད་ན་དེ་ནི་འགྱུར་ལྡོག་ཆེ་ཤོས་ཤིག་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注