དབྱི་རག་གི་འགོ་ཁྲིད་པས་ཆབ་སྲིད་དང་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་སི་རི་ཡའི་འགལ་བ་ཐག་གཅོད་བྱེད་པའི་འབོད་སྐུལ་བཏང་།
དབྱི་རག་གི་ཙུང་ཐུང་ལཱ་ཞིས་ཏི་ཡིས་ཚེས6ཉིན་པཱ་ཀི་ཏཱ་རུ་རྒྱལ་དོན་འཚམས་འདྲིར་ཡོང་བའི་དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་ལཱ་ཀི་ཆི་དང་ཐུག་འཕྲད་བྱས་ཏེ། ཐུན་མོང་མཐུན་སྦྱོར་ལ་ཤུགས་བསྣན་ནས་སི་རི་ཡའི་རྒྱལ་ཁབ་བདག་དབང་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
དབྱི་རག་གི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ལཱ་ཞིས་ཏི་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ས་ཁུལ་དང་རྒྱལ་སྤྱིའི་ངོས་ནས་ཞི་བདེའི་གྲོས་མོལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སི་རི་ཡའི་རྣམ་པ་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱེད་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྐུལ་འདེད་ལེགས་པོ་གཏོང་དགོས། དབྱི་རག་གིས་ས་ཁུལ་བརྟན་བརླིང་ལ་སྐུལ་འདེད་གཏོང་བ་དང་འགལ་བ་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་པའི་བྱེད་ཐབས་ཚང་མར་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བདེ་འཇགས་སྲུང་སྐྱོབ་ཐད་མུ་མཐུད་དུ་ནུས་པ་འདོན་འདོད་ཡོད་ཟེར། ཨ་ལཱ་ཀི་ཆི་ཡིས་དབྱི་རག་གིས་སི་རི་ཡའི་གནས་བབ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་གནས་བབ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་པ་བྱས་པར་བསྟོད་བསྔགས་བྱས།
དབྱི་རག་གི་ཙུང་ལི་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཙུང་ལི་སུའུ་ཏཱ་ཉི་ཡིས་ཨ་ལཱ་ཀི་ཆི་དང་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་རག་གིས་སི་རི་ཡས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་མ་ཟད། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་སི་རི་ཡའི་བདེ་འཇགས་དང་ཞི་བདེ་མངོན་འགྱུར་ཡོང་བར་མུ་མཐུད་དུ་འབད་པ་བྱས་ནས། ས་ཁུལ་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
གཞན་དབྱི་རག་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཙུང་ལི་གཞོན་པ་དང་ཕྱི་འབྲེལ་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་བའི་ཧུའུ་སའེ་དབྱིན་གྱིས་ཨ་ལཱ་ཀི་ཆི་དང་མཉམ་དུ་དབུས་ཤར་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཧུའུ་སའེ་དབྱིན་གྱིས་བཤད་རྒྱུར། དབྱི་རག་གིས་སི་རི་ཡའི་གནས་བབ་ཐད་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ལ། སི་རི་ཡའི་གནས་བབ་ཛ་དྲག་ཏུ་ཕྱིན་པ་དེས་དབྱི་རག་དང་དབྱི་ལང་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། དབུས་ཤར་ས་ཁུལ་སྤྱིའི་བདེ་འཇགས་ལ་ཐད་ཀར་འཇིགས་སྐུལ་ཐེབས་ཀྱིན་ཡོད། དམག་དོན་གྱི་བྱེད་ཐབས་ལ་བརྟེན་ནས་ས་ཁུལ་གཏན་འཇགས་ཡོང་ཐབས་བྲལ་བས། ཕྱི་འབྲེལ་གྱི་ཐབས་ལམ་སྤྱད་དེ་བྱེད་ནུས་སྔར་ལས་ཆེན་པོ་འདོན་དགོས་ཟེར།
ཟླ11པའི་ཚེས27ཉིན་ནས་བཟུང་། སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་དྲག་ཆས། ཐལ་སྤྱོད་རྩ་འཛུགས་མི་སྣ་བཅས་ཀྱིས་སི་རི་ཡའི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་བསྟུད་མར་གཞི་ཁྱོན་ཆེ་བའི་དམག་འཁྲུག་བརྒྱབ་པས། སི་རི་ཡའི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར། དབྱི་རག་སྲིད་གཞུང་གིས་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ཁུལ་གྱི་དམག་ཤུགས་བཀོད་སྒྲིག་ལ་ཤུགས་བསྣན་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་སི་རི་ཡའི་ཛ་དྲག་གནས་བབ་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་པར་གཡོལ་དགོས་པའི་འབོད་སྐུལ་བཏང་།