ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་འཐབ་འཁྲུག་རྗེས་ཀྱི་ཅཱ་ཧྲ་ལ་དོ་དམ་བྱེད་པའི་ཐད་ནས་འཆར་ཟིན་བཀོད།
ཨེ་ཅིབ་ཀྱི་འབྲེལ་ཡོད་མི་སྣས་ཚེས3ཉིན་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་ཆེན་མོ་གཉིས་ཏེ་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་གྲོས་མོལ་བྱས་པ་དང་། དེའི་སྐབས་སུ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་འཐབ་འཁྲུག་རྗེས་ཀྱི་ཅཱ་ཧྲ་ས་ཁུལ་ལ་དོ་དམ་བྱེད་པའི་ཐད་ནས་གྲོས་ཆོད་འཆར་ཟིན་ཅིག་བཀོད་ཟེར།
འབྲེལ་ཡོད་མི་སྣ་དེས་བཤད་རྒྱུར། འཆར་ཟིན་དེའི་ནང་དོན་ལས་མངོན་པ་ལྟར་ན། མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དེ་ཕཱ་ལེ་སི་ཐན་གྱི་སྒེར་ཚུགས་མི་སྣ་བཅུ་ནས་བཅོ་ལྔས་གྲུབ་པ་དང་། འཐབ་འཁྲུག་རྗེས་ཀྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་དང་སློབ་གསོ། དཔལ་འབྱོར། ཞིང་ལས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་བསྐྱར་འཛུགས་སོགས་ཁྱབ་ཁོངས་ཀྱི་ལས་དོན་གྱི་འགན་ཁུར་ཡོད་ཟེར། མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ལྟ་རྟོག་དང་ལེན་བྱེད་རྒྱུ་ཡིན་ལ། འཆར་ཟིན་དེར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡི་ཆོག་མཆན་ཐོབ་མེད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་ཐཱ་ཧི་དང་ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཟླ11པའི་ཚེས30ཉིན་ཁེ་རོ་ནས་གྲོས་མོལ་བྱས། མིག་སྔར་ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་གྲོས་མོལ་གནས་ཚུལ་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།
2007ལོར་ཧྥ་ཐཱ་ཧི་དང་ཧཱ་མཱ་སིའི་བར་འཁྲུག་རྩོད་བྱུང་བ་དང་། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་ཡོད་ལ། ཧྥ་ཐཱ་ཧི་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་ཚོད་འཛིན་བྱེད་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注