ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཟོལ་མེད་ཀྱིས་དབྱི་སི་རལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་རེ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཚེས་བཅུ་དྲུག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཀྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ།ཨ་མེ་རི་ཁ་ཕྱོགས་ཀྱིས་འགན་ཁུར་བའི་རྣམ་འགྱུར་འཛིན་པ་དང་།དེར་འབྲེལ་ཕྱོགས་ཀྱི་ཤུགས་རྐྱེན་གལ་ཆེན་འདོན་སྤེལ་བྱས་ནས།ཟོལ་མེད་ཀྱིས་དབྱི་སི་རལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་རེ་བ་ལག་བསྟར་བྱེད་པ་དང་།དམག་དོན་འགུལ་སྐྱོད་མྱུར་མོར་མཚམས་འཇོག་ཏུ་འཇུག་པར་སྐུལ་འདེད་བཏང་ནས།དཀའ་སྡུག་ཚད་མེད་མྱོང་བཞིན་པའི་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་འཚོ་བའི་རེ་བ་སྦྱིན་དགོས་པའི་སྐུལ་མ་བཏང་།

ཀིན་ཧྲོང་གིས་བཤད་རྒྱུར།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཞི་བཀོད་ཡོད་པ་དང་།རྒྱལ་སྤྱིའི་ཁྲིམས་ཁང་གིས་གནས་སྐབས་ཀྱི་བྱེད་ཐབས་བཀའ་རྒྱ་བཏང་ཡོད་ལ།མཉམ་འབྲེལ་རྒྱལ་ཚོགས་སོགས་མི་ཆོས་ལས་ཁུངས་ཀྱིས་འབད་བརྩོན་ཆེན་པོ་བྱས་ན་ཡང་།ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ནམ་རྒྱུན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ།རྒྱལ་སྤྱིའི་བཅའ་ཁྲིམས་དང་ཁྱད་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྒྱུན་དུ་འབྱུང་བཞིན་ཡོད།ཀྲུང་གོའི་ཕྱོགས་ཀྱིས་དབྱི་སི་རལ་གྱིས་མི་ཆོས་བྱ་བ་བྱེད་མཁན་ཚང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཚང་མར་རྟོག་ཞིབ་དང་རྩད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཀིན་ཧྲོང་གིས་བཤད་རྒྱུར།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དང་བསྐྱར་དུ་འཁྲུག་རྩོད་དང་དམར་གསོད་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་གྱིས་བཏོན་ཡང་།དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་མཚམས་མ་བཞག་པ་དང་།ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་ཁྲི་བཞི་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར་ཡོད་ལ།དེ་ནི་ཧ་ལས་ཤིང་ཡིད་ཆེས་དཀའ་བ་ཞིག་རེད།བདེ་འཇགས་ལས་འཛིན་ལྷན་ཚོགས་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་ཁུངས་གཙོ་བོ་ཞིག་ཡིན་པའི་ཆ་ནས།ད་ལྟའི་བར་མི་ཡུལ་གྱི་སྐྱོ་གར་འདིར་བཀག་འགོག་བྱེད་མ་ཐུབ་པ་ཅི་ཡིན་ནམ།དབྱེ་ཞིབ་ལས་བསྟན་པ་ནང་བཞིན།གལ་ཏེ་ཨ་མེ་རི་ཁས་ཡང་དང་བསྐྱར་དུ་བཀག་འགོག་མ་བྱས་ན།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་མ་བྱུང་སྔོན་ནས་གྲོས་ཆོད་བཀོད་དེ་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ངེས་རེད།གལ་ཏེ་ཨ་མེ་རི་ཁས་ཡང་དང་བསྐྱར་དུ་འགེབས་སྲུང་མ་བྱས་ན།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་མང་བོར་མངོན་སུམ་འཛེམ་མེད་ཀྱིས་དང་ལེན་མི་བྱེད་པའི་སྣང་ཚུལ་འབྱུང་མི་སྲིད།ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔ་མོ་ནས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཐག་གཅོད་བྱས་ཏེ།ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号